བོད་ཀྱི་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས།

    དུང་དཀར་ཚིག་མཛོད་ཆེན་མོ།    2019-12-26

ཁོད་སུམ་ཅུ་སོ་དྲུག་གི་ནང་གསེས་དང་པོ་བཀའ་ཡི་ཁྲིམས་ཡིག་ཆེན་པོ་ལ་དྲུག་ཡོད་པའི་ནང་ནས་དང་པོ་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ནི་ཁྲི་གཅིག་གིས་འབུམ་གོ་ཆོད་པ་ལྟ་བུ་ཡིན་པས་ཁྲི་རྩེ་འབུམ་བཞེར་ཟེར། དེ་ནི་སྲིད་འཛིན་ས་ཁུལ་ཁག་གི་དབྱེ་མཚམས་དང༌། སྲིད་འཛིན་རིམ་པ་དང་དམག་དོན་གྱི་སྒྲིག་གཞི། དཔོན་རིགས་ཁག་གི་གོ་གནས་དང་ལས་འགན། དམག་དཔུང་དང་འབངས་མིའི་དབྱེ་མཚམས་དང་ཐོབ་ཐང༌། སྒེར་བཟུང་གི་སྡེ་མི་སེར་དང་ས་ཞིང་དབང་བའི་ཚད་གཞི་བཅས་གཏན་འབེབས་བྱས་པའི་ལམ་ལུགས་ལ་ཟེར། དེ་ལ{{ཆོས་འབྱུང་མཁས་པའི་དགའ་སྟོན}}ནང་གསལ་བའི་ལམ་ལུགས་དྲུག་དང༌། {{ཏུན་ཧོང་གི་ལོ་རྒྱུས་ཡིག་ཆ}}ནས་ཁ་བསྐང་བ་གཅིག་བཅས་བདུན་ཡོད་པ་སྟེ། ༡.རུ་སྡེ་ཆེན་པོ་ལྔ་སྟེ་དམག་སྲིད་གཅིག་གྱུར་གྱི་སྲིད་འཛིན་ས་ཁུལ་ཆེན་པོ་ལྔར་ཕྱེ་བ། ༢.ཡུལ་གྱི་དབང་རིས་ཞེས་རྒྱལ་བློན་དང་རུས་རྒྱུད་ཚོ་པ་ཁག་གིས་སྒེར་བཟུང་བྱས་པའི་ས་ཁུལ་རྣམ་པ་བཅོ་བརྒྱད་དུ་ཕྱེ་བ། ༣.རྒོད་ཀྱི་སྟོང་སྡེ་ཞེས་དམག་དཔུང་གི་སྡེ་ཚན་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ། ༤.བློན་པོ་ཆེ་དགུ་ཞེས་སྲིད་འཛིན་སྤྱི་ཁྱབ་རིམ་པའི་བློན་ཆེན་དགུར་ཕྱེ་བ། ༥.དཔོན་བདུན་སོགས་སྲིད་འཛིན་རིམ་པ་དམའ་བའི་ཁག་བཅུ་གཉིས་སུ་དབྱེ་བ། ༦.གཡུང་གི་མི་སྡེ་ཞེས་འབངས་མིའི་ཁོངས་སུ་གཏོགས་པའི་རྗེ་བྲན་རིམ་པ་ལྔར་ཕྱེ་བ་བཅས{{ཆོས་འབྱུང་མཁས་པའི་དགའ་སྟོན}}ནང་དུ་གསལ་ལ། ༧.ས་ཞིང་དབང་བའི་ལམ་ལུགས་རིམ་པ་ལྔར་ཕྱེ་བ་ནི་ཆོས་འབྱུང་དེའི་ནང་མི་གསལ་བས{{ཏུན་ཧོང་གི་ལོ་རྒྱུས་ཡིག་ཆ}}ལས་བཤད་པ་རྣམས་ཀྱི་གནད་བསྡུས་ཤིག་ཁོ་བོས་བྲིས་པའི་{{བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ་}}ཞེས་པའི་ནང་གསལ།


  • ལེ་ཚན་སྔོན་མ།:བོད་ཡུལ་གྱི་མི་འགྱུར་བའི་གཟེར་བཅུ་གཉིས།
  • ལེ་ཚན་རྗེས་མ།:བོད་ཀྱི་ལོ་རྒྱུས་སུ“ཁེར་བརྒྱད”ཅེས་པ།