གསེར་ཧོར་ཤུལ་གྱི་ཚོ་སྡེ་ཨ་བོ་ཆུང་ཡོས་ཀྱི་རུས་རྒྱུད་མཆེད་ཚུལ།

གསེར་ཀུན་དགའ།        2019-09-06

     

གསེར་ཧོར་ཤུལ་གྱི་ཚོ་སྡེ་ཨ་བོ་ཆུང་ཡོས་ཀྱི་རུས་རྒྱུད་མཆེད་ཚུལ།

   དེ་ཡང་གསེར་ཧོར་ཤུལ་གྱི་ཚོ་སྡེ་ལ་ཨ་བོ་ཆུང་ཡོས་ཞེས་འབོད་ལ། དེ་ལས་དཔོན་རྒྱུད་ཀྱི་རུས་སྐོར་ཨ་བོ་ནི་ཨ་ལྕགས་འབྲིའི་རྒྱུད་པ་ཡིན་པ་དང་། སྔོན་གྱི་སྡོད་གནས་ནི་དབུས་དང་ཁད་ཉེ་བའི་སྟོད་ཨ་བོ་ཟེརཞིང་། ཨ་བོ་ནི་དཔའ་བོ་ཞེས་པའི་དོན་ཡིན་པ་སོགས་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས་གསུངས། ཞོར་དུ་ལོ་རྒྱུས་ཀྱི་དང་བ་འདྲེན་པའི་ཕྱིར་དུ་ཨ་ལྕགས་འབྲིའི་ལོ་རྒྱུས་དང་དེ་ལས་ཨ་བོ་ཆུང་ཡོས་མཆེད་ཚུལ་ཏོག་ཙམ་ཞིག་གླེང་ན། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་སོགས་སྔོན་གྱི་མཁས་པ་དུ་མའི་མཁྱེན་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་རྒྱལ་རབས་དེབ་ཐེར་ཁག་ཏུ། ཁ་བ་ཅན་འདིར་མིའི་འགྲོ་བ་ནི་རི་ལ་སྡོད་པའི་སྤྲ་མི་ཆུང་ཆུང་དང་བྲག་ཁུང་དུ་སྡོད་ཅིང་ཟས་སུ་དམར་ཟས་ཁོ་ན་ཟ་བའི་སྤྲ་མོ་གཉིས་བཤོས་པ་ལས་བུ་ཚ་ཤ་ཟན་གདོང་དམར་བ་ཞེས་པ་འཕེལ་ཞིང་། དེ་རྣམས་འདུལ་བར་དཀའ་བས་གཅིག་ལ་གཅིག་མི་འཇིགས་ཏེ། ཕན་ཚུན་རིང་དུ་བརྩད་ཅིང་འཐབ་མཐར་བུད་མེད་རྣམས་སྐྱེས་པ་ཀུན་གྱི་འཐབ་ཟླར་མ་འོང་ཏེ། རང་གི་བུ་ཕྲུག་གི་ཕ་ལ་སྐྱབས་འཆོས་ཤིང་། དེ་ནས་ཕ་རུས་གཙོ་བོར་གྱུར་བའི་རུས་རྒྱུད་ཚོ་བ་མང་དུ་འཕེལ་ཞིང་། དེ་དག་གི་ཁྲོད་ནས་མི་བཙན་པོ་ཡ་མེད་རྣམས་ཀྱིས་རུས་སྐོར་ཚོ་བ་མང་པོ་བཙན་ཐབས་ཀྱིས་མངའ་འོག་ཏུ་བཀུག་སྟེ་རུས་སྐོར་ཆེན་པོ་བཞིའམ་ཚོ་ཆེན་པོ་བཞི་བྱུང་བ་ནི། བསེ་དང་དམུ། སྟོང་དང་ལྡོང་བཞིའོ། ། འདི་རྣམས་ལ་ནང་གི་མིའུ་རིགས་བཞི་ཟེར་ཞིང་གངས་རིའི་ལྗོངས་འདིར་མཆེད་པའི་རུས་སྐོར་སྔ་བ་ཡིན། བོན་གྱི་བཤད་སྟངས་ལྟར་ན། ཕྱྭ་རྒྱུད། དམུ་རྒྱུད། གཙུག་རྒྱུད་རྣམས་ཟེར་ཞིང་། ཕྱྭ་ལས་དབུ་ནག་བོད་མི་བྱུང་ཞིང་། དམུ་ལས་རྒྱ་གར་དང་སྟག་གཟིག་སོགས་བྱུང་། གཙུག་རྒྱུད་ལས་ཀླུ་རིགས་དང་བྱོལ་སོང་གི་རིགས་བྱུང་བར་བཤད།

     དེ་ལྟར་དང་པོ་སྤྲ་མི་དང་བར་དུ་མི་མ་ཡིན་མཐར་མི་སོགས་གོ་རིམ་ངེས་ཅན་ཞིག་བརྒྱུད་པའི་མཐར། གོང་གི་མིའུ་རིགས་བཞིའམ་ཕྱྭ་རྒྱུད་ལས་མཆེད་པའི་ཡབ་ལྷ་བདལ་དྲུག་ཟེར་བ་ལ་བུ་སུམ་ཅུ་སོ་བདུན་ཡོད་པ་ལས་ཆུང་བ་སྣེ་ཁྲོམ་ལ་ཁྲ་དང་ཕྱ་ལྕམ་གཉིས་བཤོས་པ་ལ་སྲས་མཐོང་པོ་དང་། མཐོང་མིག མཐོང་གེ་གསུམ་འཁྲུངས་པ་ལས། ཆེ་བ་མཐོང་གེ་ཆུ་གྲིས་ཤི། འབྲིང་བ་མཐོང་མིག་མེ་གྲེས་ཤི ཆུང་བ་མཐོང་གེས་ཕྱ་ལྕམ་དཀར་མོ་ཁབ་ཏུ་བཞེས་པས་སྲས་བོད་འཛོམ་ལ་ཕྲོམ་དང་།(འདིའི་སྲས་སུ་རྒྱ་བོད་ཧོར་གསུམ་བྱུང་རབས་ཀྱང་ཡོད་དོ།།) བོད་མི་ཁྲི་དོ་ཆེན་པོ་འཁྲུངས། དེ་ལས་ཆུང་བ་བོད་མི་ཁྲི་དོ་ཆེན་པོ་གཉེན་ལྕམ་དཀར་མོ་དང་བཤོས་པས་སྲས་ཨ་སྤོ་ལྡོང་དང་། བསེ་ཁྱུང་དབྲ། ཨ་ལྕགས་འབྲི་གསུམ་བྱུང་། ཡང་བོད་མི་ཁྲི་དོ་ཆེན་པོ་དེ་དམུ་བཟའ་ཞིག་དང་བཤོས་པས་སྲས་དམུ་ཚ་སྒ་བྱུང་། ཡང་བོད་མི་ཁྲི་དོ་ཆེན་པོས་སྲིན་མོ་གོ་ཟུ་ཅན་དང་བཤོས་པས་སྲས་ནུ་བོ་དབལ་དང་། ནུ་བོ་ཐ་ཆུང་ཟླ་གཉིས་བྱུང་ཞེས་དབུ་ནག་མིའུ་འདྲ་ཆགས་ལས་གསུངས།

   དེ་ལྟར་བོད་མིའུ་རུས་དྲུག་ནི་ཕ་གཅིག་མ་གསུམ་ལས་མཆེད་པར་གྲགས་ལ། རྒྱ་བོད་ཡིག་ཚང་ཆེན་མོ་ལས། བོད་མི་ཁྲི་དོ་ཆེན་པོ་དེ་ལ། བུ་དྲུག་བྱུང་། གསུངས་པ་ལྟར་རོ།། བུ་དྲུག་ནི་ཕུ་བོ་ལྡོང་དང་། ཨ་ལྕགས་འབྲུ། བསེ་ཁྱུང་སྦྲ། དམུ་ཚ་སྒ། ནུ་བོ་དབལ་དང་། ནུ་བོ་ཐ་ཆུང་ཟླ་བཅས་ཡིན་ནོ།། འདི་དག་གི་རིང་ལ་མི་རྣམས་ཀྱིས་གོས་སུ་རི་དྭགས་ཀྱི་པགས་པ་གྱོན་ཞིང་ཟས་སུ་འབྲི་རིགས་དང་ཤ་ལོངས་སུ་སྤྱོད་པ་མ་ཟད། རང་རང་གིས་ས་བགོས་བདག་གིར་བཟུང་ཏེ་སྲིད་དབང་སྤེལ་བ་ཡིན་ཏེ། དམངས་གླུ་ལས། འགག་དོག་མོ་གསུམ་པོ་སྦྲ་ཡིས་བཟུང་། ། སྦྲ་དཔའ་རྩལ་ཆེ་བ་དེ་དོན་ཡིན། ། རི་རྩ་བ་གསུམ་དེ་འབྲི་ལ་ཐོབ། །འབྲི་རྒྱལ་ས་ནོན་པ་དེ་ཡི་དོན། ། རི་མཐོན་པོ་གསུམ་པོ་ལྡོང་གིས་བཟུང་། ། ལྡོང་ཞྭ་མགོ་མཐོ་བ་དེ་དོན་ཡིན། ། ཐང་ཡངས་པོ་གསུམ་ནི་སྒ་ལ་ཐོབ། །སྒ་བེའུ་མང་བ་དེ་ཡི་དོན། ། ཞེས་གསུངས་པའི་ཕྱིར་རོ། །

གསེར་ཧོར་ཤུལ་གྱི་ཚོ་སྡེ་ཨ་བོ་ཆུང་ཡོས་ཀྱི་རུས་རྒྱུད་མཆེད་ཚུལ།

     ད་ལྟ་ཡང་གོང་གི་ས་བགོས་ནང་བཞིན་མདོ་ཁམས་སྟོད་སྨད་དུ་གཙོ་བོ་སྒ་དང་ལྡོང་གི་རིགས་ཀྱིས་གནས་བཅས་ཤིང་། སྦྲ་རིགས་ཀྱང་སྟོད་མངའ་རིས་ཞང་ཞུང་དང་རྗེས་སུ་རྒྱལ་མོ་ཚ་བ་རོང་གི་མི་རྒྱུད་དུ་ཆད་པ་ལྟ་བུའོ།། དེ་ལས་ཨ་ལྕགས་འབྲི་ནི་གཙོ་བོ་གཙང་དང་དབུས་ཀྱི་བར་ཁམས་ལས་མཆེད་པ་མང་ལ། འབྲི་མི་འགྱུར་ཐར་བའི་གནས་བརྒྱད་ཅེས་ས་སྐྱ་དང་། འབྲི་གུང་སོགས་ཀྱི་གདུང་རིགས་བརྒྱད་དབུས་གཙང་བར་ཁམས་སུ་ཡོད།

    ཡང་ཨ་ལྕགས་འབྲིའི་རྒྱུད་པ་ལ་ཆེ་དྲུག་དང་ཆུང་དྲུག ཆེ་བཙུན་སྤེལ་མ་བཅུ་གཉིས་སོགས་བསྒྲེང་རྒྱུ་ཡོད་ལ། ཨ་ལྕགས་འབྲིའི་རྒྱུད་པ་རྣམས་ཐོག་མར་གྱི་ཚོ་དང་། རོང་པོ། བྷ་ཚོ། རི་ཐོ། འབྲོམ་ཚོ། ངོ་ཀྲོ་བཅས་ཚོ་སྐོར་ཆེན་པོ་དྲུག་དུ་མཆེད་པ་ལ་ཆེ་དྲུག་ཟེར་ཞིང་། དུས་ཕྱིས་སུ་ཆེ་དྲུག་དེ་ཡང་ལོ་ཟླའི་འགྲོས་དང་བསྟུན་ཏེ་མི་རྒྱུད་འཕེལ་ནས་སྦས་ཚོ་དང་། སྤོས་ཚོ། ཚ་ཕྲོམ་དང་ཞུག་པ། སྟོང་ཉེ་དང་ཉེ་གྷ་བཅས་ཚོ་སྐོར་དྲུག་ཏུ་མཆེད་པས་ཚོ་སྐོར་བཅུ་གཉིས་སུ་གྱུར་པ་ལ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཟེར་ཏེ། རྒྱ་བོད་ཡིག་ཚང་ཆེན་མོ་ལས། ཁྲི་ཟམ་འབྲིའི་ཆེ་དྲུག་དེ། །ཤར་ན་ཀྱི་(གྱི)དང་རོང་པོ་གཉིས། །ལྷོ་ན་བྷ་དང་རི་ཐོ་གཉིས། །སྨད་ན་འབྲོམ་དང་ངོ་ཀྲོ་གཉིས། །ཆེ་དྲུག་མཚན་གྱི་བཙུན་དྲུག་དེ། །སྦས་དང་སྤོས་དང་ཚ་ཕྲོམ་གསུམ། །ཞུག་པས་སྟོང་ཉེ་ཉེ་གྷ་གསུམ། །ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། ། ཞེས་གསུངས་པའི་ཕྱིར་རོ། །

    ཨ་ལྕགས་འབྲིའི་མི་རྒྱུད་འདི་དག་གིས་ས་ཆེན་པོ་གཞན་དྲིང་མི་འཇོག་པའི་རང་སྟོབས་ཀྱིས་བདག་ཏུ་བཟུང་ཞིང་། ཚོ་སྐོར་རྣམས་ཁ་འཆམ་ཞིང་བསམ་པ་སྣོད་གཅིག་ཏུ་མཐུན་པས་རྒྱལ་སྲིད་རི་རྒྱལ་ལྷུན་པོ་བཞིན་གཡོ་བ་རྡུལ་ཕྲན་ཙམ་ཡང་མེད་པར་ཤིན་ཏུ་བརྟན་པ་ཞིག་བྱས་ཤིང་། སྡང་དགྲ་བོའི་དཔུང་བ་གཏུམ་པོ་མ་ལུས་ཟིལ་གྱིས་གནོན་པའི་མི་འཇིགས་ངར་སྐད་དྲག་ཏུ་སྒྲོག་པའི་དཔའ་བོ་སྟག་འདྲ་གཟིག་འདྲ་ཤ་སྟག་ཡིན་པས། དཔའ་རྒྱ་སྟག་མཆེ་སྡེར་མ་ཉམས་པ། །ཨ་ལྕགས་འབྲུ་ཡི་བུ་རྒྱུད་ཡིན། །ཞེས་པའི་གཏམ་གླེང་རྒྱུ་ཞིག་ཀྱང་བོད་ལ་བཞག་ཡོད།

     དེས་ན་ཨ་བོས་ཆུང་ཡོས་ཀྱི་རུས་རྒྱུད་ནི་གོང་སྨྲོས་ལྟར་བོད་མི་ཁྲི་དོ་ཆེན་པོ་ལ་སྲས་དྲུག་ཡོད་པ་ལས་གཉིས་པ་ཨ་ལྕགས་འབྲི་ཆུ་ཁམས་པའི་རྒྱུད་པ་ཡིན་ལ། བླ་ཟོག་གཡག་ཡིན། དེ་ཨ་ལྕགས་འབྲིའི་རིགས་ལས་ཇི་ལྟར་མཆེད་ཚུལ་ནི། ཚེ་ཤུལ་སྤྲུལ་སྐུ་རིག་པའི་ཁུ་བྱུག་ལགས་ཀྱིས་མཛད་པའི་ཆུང་ཡོས་ཀྱི་རུས་མཛོད་ཕྱག་བསྟར་མའི་ནང་དུ་ཨ་བོ་ནི་སྟོད་མངའ་རིས་ལ་ཐོག་གི་ཨ་བུ་མགྲོན་པོ་ཁག་གསུམ་གྱི་མི་རྒྱུད་ལས་ཆད་ཅེས་བྲིས་ཡོད་ལ། དེ་ནི་ཤིན་ཏུ་དཔྱད་རིན་ཡོད་ཅིང་བསྐྱུར་ཏུ་མི་བྲ་བའི་གསུངས་ཤིག་ཏུ་འཁུམས་སྟེ། གང་ཞེ་ན། མི་བུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ནང་དུའང་སྟོད་ཨ་བོ་ཞེས་བྲིས་ཡོད་ལ། དེ་ནི་བོད་ཡུལ་སྤྱི་སྟོད་སྨད་བར་གསུམ་དུ་ཟླའི་ཕྱེས་པ་ལས་སྟོད་ཅེས་བརྗོད་ཚེ་སྟོད་མངའ་རིས་སྐོར་གསུམ་ལ་གོ་བ་ནི་བོད་ཀྱི་ལོ་རྒྱུས་ལ་གོ་ལོ་ཙམ་ཡོད་ཕྱིན་ཚེགས་མེད་དུ་ཤེས་ཐུབ། དེ་མིན་ཉེ་ཆར་ཨ་མེ་རི་ཀའི་བོད་རིག་པ་སྨྲ་བ་ལྭེ་བྰེ་ནིས་ཟེར་བ་ཞིག་གིས་ཀྱང་རྒྱལ་སྤྱིའི་སྟེང་དུ་དབལ་ཤུལ་གསེར་རྟ་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཡོད་ལ། དེའི་ནང་དུའང་དབལ་ཤུལ་གསེར་རྟའི་མི་རྒྱུད་ནི་བོད་ཀྱི་བྱང་ཕྱོགས་མངའ་རིས་ནས་མཆེད་ཅེས་བྲིས་ཡོད། གཞན་ཡང་གསར་དུ་གཉན་པོ་གཡུ་རྩེའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་པར་བསྐྲུན་བྱས་པའི་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ཞེས་པ་དེར་ཡང་ཨ་ལྕགས་འབྲིའི་རྒྱུད་ལས་ཆད་པའི་མགོ་ལོག་གི་མི་ནི་སྟོད་མངའ་རིས་ལ་དྭགས་ནས་མཆེད་ཅེས་བྲིས་ཡོད། དེ་དག་གི་ཚིག་མགོ་མཐུན་པའི་ཕྱིར་ན་ཚེ་ཤུལ་སྤྲུལ་སྐུས་གསུངས་པའི་ཨ་བོ་ནི་སྟོད་མངའ་རིས་ནས་མཆེད་ཅེས་པའི་གསུང་ལ་བདེན་པའི་རྔམ་མཐུག་པ་མ་ཟད། ཁོང་གིས་གསུང་པའི་སྟོད་མངའ་རིས་ལ་ཐོག་ཀྱང་ལ་དྭགས་ཡིན་མིན་དཔྱད་པའི་གནས་སོ།།

    དེ་ནས་སྨད་མདོ་ཁམས་ཀྱི་ས་ཆ་འདིར་རིམ་གྱིས་དར་ཚུལ་ནི། ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་གོང་མའི་དབུ་བླར་བྱོན་སྐབས། ཁོང་དཔོན་གཡོག་འཁོར་བཅས་རྣམས་ས་ཟླ་སྙི་མཚམས་ཀྱི་ཡུལ་ཕྱོགས། ཤེས་ར་མ་ཆུ་མདོ་ལ་ཕེབས་ནས་བཞུགས་སྐབས། ཨ་བུ་མགྲོན་པོ་ཁག་གསུམ་གྱི་མི་ཚན་གྲྭ་པ་གཅིག་ལ་ལུང་བསྟན་པ། སྙི་ཟླའི་ཁ་མདོའི་ས་ཕྱོགས་འདི་ཉིད་ནས་ཁྱོད་རང་གིས་ས་བཟུང་སོ་བཙུགས་བྱེད་ན། སྟོད་སྡེ་སྨད་ཀྱི་མཚམས་མི་ཤེས་པ་དང་། ཕུ་ནུ་མ་སྤུན་སོགས་ཀྱི་མཚམས་བློས་ཟིལ་གྱིས་མི་ནོན་པ་མཐར་འཁྱོང་ཞེས་གསུངས་ནས། གྲྭ་པ་དེ་ཉིད་ཤེས་ཀྱི་ར་མ་ཆུ་མདོ་ལ་སྡོད་དུ་བཅུག་ནས་ཁྱིམ་ཐབས་བཟུང་། གྲྭ་པ་དེའི་མིང་ལ་སྐྱབས་ལོ་ཟེར། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་གོང་མའི་དབུ་བླར་ཆས་སྐབས་ནི་ཕལ་ཆེར་དུས་རབས་བཅུ་གཉིས་པའི་ལོ་རབས་བཞི་བཅུ་ནས་ལྔ་བཅུའི་བར་ཡིན་ལ། དེས་ན་ཨ་བུ་སྐྱབས་ལོ་ཡང་སྟོད་མངའ་རིས་ལ་ཐོག་ནས་སྨད་མདོ་ཁམས་ཀྱི་ཡུལ་ཕེབས་དུས་ནི་གོང་གི་ལོ་ཚིགས་དེ་ཡིན་སྲིད། དེ་ནས་སྐྱབས་ལོ་ལ་བུ་གསུམ་སྐྱེས་པ། ཆེ་བའི་མིང་ལ་འབྲི་ར་བེ་ཅན། འབྲིང་བའི་མིང་ལ་འབྲི་ཁམས་པ། ཆུང་བའི་མིང་ལ་འབྲི་མ་ས་ཅན་བཏགས། བུ་ཆེ་བ་དེས་གཉན་པོ་གཡུ་རྩེའི་ས་བཟུང་། བུ་འབྲིང་བ་འབྲི་ཁམས་པ་དེས་ཉག་ལྕགས་མདུད་ནས་ས་བཟུང་སྟེ། ཉག་རྒྱ་ཁྲ་ཤོག་བརྒྱད་ཀྱི་མི་རྒྱུད་མཆེད་དེ་སྟོང་སྡེ་བཞི་ཙམ་བྱུང་། བུ་ཆུང་བ་སྐྱབས་ལོའི་ཁང་རྒན་ནང་གི་འབྲི་མ་ས་ཅན་ལ་བུ། རབ་འཕེལ། ཁྱུག་གུ་གཉིས་སྐྱེས། རབ་འཕེལ་གྱི་ཆུང་མ་སྔར་བཟའ་གོ་བཟའ་དང་། ཕྱིར་བཟའ་བྱོལ་བཟའ་གཉིས་བླངས་པས་ཨ་བོས་གོ་བྱོལ་ཞེས་གྲགས་དོན་ཡང་དེ་ཡིན། གོ་བཟའ་དཀར་མོ་སྐྱིད་ལ་བུ་བདུན་ལས། གླུ་ཤུལ་ཚོ་བ་བཞི་ཞེས་ཚེ་སང་གཉིས། མགོ་མཆོག་གཉིས། དཀྱིར་རྒྱམ་གཉིས། ཞོ་བན་གཉིས། འབུམ་ཤུལ་སྟོད་སྨད་གཉིས། བླ་ཤུལ་གཉིས། དགེ་རྩེ་རོང་སྐོར་དང་ཝ་སྐོར་གཉིས་དང་ཟུང་བདུན་ཡ་བཅུ་བཞིར་གྱེས། བྱོལ་བཟའ་ལ་བུ་གསུམ་སྐྱེས་པ། དོན་གྲུབ། ལི་མོ། བཀྲ་ཤིས་གསུམ་མོ།། དོན་གྲུབ་ཀྱི་བུ་རྡོ་རྗེ་རྒྱལ། དེ་ལས་ཆུང་ཡོས་སྟོད་སྨད་བར་གསུམ་གྱེས། དེ་དག་གི་མཆོད་པའི་ཡུལ་ལྷ་ནི་སིལ་བོ་དང་རྔ་ལ་སྟག་རྩེ་ཡིན། དེ་ལས་གསེར་ཧོར་ཤུལ་གྱི་ཚོ་སྡེ་ནི་ཆུང་ཡོས་སྨད་མ་ཡིན།

    གོང་སྨྲོས་ཀྱི་གོ་བཟའ་དཀར་མོ་སྐྱིད་ཀྱིས་གསེར་རྔ་ལའི་ངོས་སུ་ཕྱུག་འཚོ་བའི་སྐབས་སུ་དངོས་གྲུབ་རྙེད་ལ། དེ་ནི་ཁྲབ་གསེར་ཞོལ་མ་དང་། རྨོག་དགྲ་བླ་མ། གཏེར་ཟངས་རི་བཞི། སིལ་ཆལ་ཉི་མ་འབྲུག་གྲགས། ཆོས་གོས་ཉི་ཟེར་མ་རྣམས་ལོན། དེ་དག་ཨ་བོ་གོ་བྱོལ་གྱི་ཕ་ནོར་བྱས། དེ་ནས་ཨ་བོ་སང་ཤུལ་བླ་བྲང་གི་ཁྱིམ་རྟེན་བྱས་ནས་ད་བར་ཡོད།

    དེ་ཡང་ཨ་བོས་ཆུང་ཡོས་ནི་དབལ་ཤུལ་གསེར་རྟའི་དཔོན་རབས་དང་པོ་ཤྰཀྱ་ཐར་གྱི་ཞིང་ཚན་ཡིན་ལ། སྔོན་གསེར་ཡུལ་ལ་དབལ་ཤུལ་གྱིས་སྲིད་དབང་མ་ཚུགས་སྔོན་ལ་ལྡོང་སྨུག་པོའི་རྒྱུད་ལས་ཆད་པའི་དབལ་ཤུལ་བླ་མ་སྐྱབས་ཀྱིས་ཨ་བོས་བཟའ་ཞིག་བསུས་པས་བུ་ཆེ་བ་བསྟན་འཛིན་ནས་ཆུང་བ་ཤྰཀྱ་ཐར་བར་སྤུན་སྐྱ་སེར་བདུན་ཡོད་པས་ཨ་བོས་བཟའ་བུ་བདུན་ཟེར་ཞིང་། ལོ་རྒྱུས་གཞན་པའི་ནང་དུ་ཤྰཀྱ་ཐར་གྱི་སྡེ་མིང་ལ་དབལ་ཤུལ་ཆུང་ཡོས་ཞེས་ཀྱང་བྲིས་ཡོད། འདི་ནས་བཟུང་ཨ་བོ་ནི་དབལ་ཤུལ་དཔོན་ཚང་གི་གུར་དཀར་མོའི་ཆོན་ཆེན་བཞིའི་ནང་གི་མཆོག་གཅིག་ཏུ་གྱུར། དུས་སྐབས་འདི་ནི་དབལ་ཤུལ་བསོད་ནམས་དར་རྒྱས་ཀྱིས་བྲིས་པའི《གསེར་ཐར་གྱི་ལོ་རྒྱུས་དང་སྲོལ་རྒྱུན།》ཞེས་པའི་ནང་དུ་འདིའི་དུས་སྐབས་ནི་བོད་རབ་བྱུང་བཅུ་གཅིག་པའི་དུས་དཀྱིལ་ཙམ་སྤྱི་ལོ་༡༦༥༦ལོ་ཡས་མས་ཡིན། ཞེས་པ་ལྟར་རོ།། འདི་ནས་བཟུང་ཨ་བོས་ཆུང་ཡོས་ཀྱང་སྟོད་སྨད་བར་གསིམ་དུ་གྱེས་པ་ལས། ཧོར་ཤུལ་གྱི་རུ་སྡེ་རུ་གྱུར་པ་ནི་ཨ་བོས་ཆུང་ཡོས་སྨད་མ་དེ་ཡིན།

ཨ་བོས་ཆུང་ཡོས་སྨད་མ་དང་ཨ་བོས་མ་སྐོར་དང་། ཨ་བོས་ལྗག་ཐལ་མ་གསུམ་ལ་ཨ་བོས་ཁག་གསུམ་ཞེས་གྲགས་ལ། དེ་ལས་དང་པོ་ཨ་བོས་ཆུང་ཡོས་སྨད་མའི་སྡེ་སྐྱོང་དཔོན་པོའི་རུས་རྒྱུད་ནི། ཨ་བོས་རྒྱ་གར་ཚེ་རིང་ལ་གོ་བཟའ་དང་ཕྱིར་བཟའ་གཉིས་ཡོད་པ་ལས་ཕྱིར་བཟའི་བུ་ཨ་བོ་ར་འབུར་རྗེ་དཔོན་ཐོག་མ་ཡིན། དེའི་བུ་རྡོ་རྗེ་རྒྱལ། དེའི་བུ་རིན་ཆེན། དེའི་བུ་རྡོ་རྗེ། དེའི་བུ་ཀླུ་ཁོ། དེའི་བུ་གྲགས་རྒྱལ། དེའི་བུ་མ་ནིང་མགོན། དེའི་བུ་ཆོས་རྣམ། དེའི་བུ་གར་ལོ། དེའི་བུ་པ་ལོ་རྣམས་དང་ཡང་ཕ་སྒོས་གཅིག་ལ་གླུ་ཁོའི་བུ་ཚེ་མདོ། དེའི་བུ་རིག་འཛིན། དེའི་བུ་མཐུ་སྟོབས། དེའི་བུ་ལྷ་དཔལ། དེའི་བུ་བསོད་རྟགས་རྣམས་ཡིན། དེའི་བུ་ཉི་མ་རྒྱལ་མཚན་ཡིན།

     རྗེ་དཔོན་ནང་གི་གྲགས་ཅན་ཨ་བོས་མ་ནིང་མགོན་དང་ཆོས་རྣམ། ཨ་བོས་སྙིང་སེར་མ་ལྷ་དཔལ། བསོད་རྟགས་དང་ཉི་མ་རྒྱལ་མཚན་རྣམས་ཡིན། ལྷ་སྡེ་འདིའི་རུས་སྐོར་ནི། དང་པོ་ཕ་སྐོར་ལྔ་ནི་ཨ་བོས། ཞར་ཤུལ། ཞིག་སྐོར། མ་སྐོར། དམ་པ་སྟེ་ལྔ། དེ་ནས་ལོ་ཤུལ། མགོ་སེར། བུ་ཞར། དབལ་ཤུལ། ཧོར་བ། རྒྱོ་སེར། ཉག་རོང་། མར་རྦ། ཨ་ཧང་། བག་འ། སྒོ་སྤེས། སྒོ་འཛི། ཕྱུག་ཤུལ། ཁྱི་ཤུལ། བླ་སྐོར། ཨ་མཆོག ཁབ་བྲང་། གེ་འཕན། ཡོབ་བེ། མགར་ར། སང་སང་། ཀོས་ཚ། ཀ་བཞི། ཨ་ཛི། གཡུ་ཁོག མི་ར། བླས་མདའ། རྗེས་དཀར། ཡག་སྐོར། ལྷ་སྐོར། སྒྱུ་ཐ། ཀོ་ཚོང་སྟེ་རུས་ཚན་སུམ་ཅུའི་སྟོད་གྲངས་ཡོད། ཅེས་དབལ་ཤུལ་བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་གསེར་རྟའི་ལོ་རྒྱུས་དང་སྲོལ་རྒྱུན་དུ་གསལ། གཞན་ཚོ་སྡེ་འདི་རུ་འཁྲུངས་པའི་མཁས་གྲུབ་འགའི་མཚན་བརྗོད་ན། ཀ་ཐོག་མཁན་ཆེན་ནུས་ལྡན། མ་མཁན་པོ་ཟླ་འོད། སྐུ་འབུམ་དགེ་བཤེས་མཐའ་ཡས། གདོང་བླ་མ་ཀུན་གསལ། མཁན་ཆེན་ཤེས་རབ། མཁན་པོ་ཆོས་གསལ། སྟུག་རྒྱའི་བླ་མ་པད་འཛིན་རྣམས་སོ།། ཚོ་སྡེའི་ནང་དུ་སྡེ་བ་གཞན་པ་ཐིམ་པ་ནི་སྙག་གི་དབལ་སྐོར་སྡེ་བ་དང་། ལོ་ཤུལ་སྡེ་བ། རི་བཟའ་གསུམ་ཐིམ། ད་ལྟ་སྡེ་བའི་རུ་གྲངས་༩༧༥། མི་གྲངས་༤༡༧༣ཡོད།

    དེ་ཡང་བོད་སྔ་རབས་པ་རྣམས་ཀྱིས་ནི་རིགས་རུས་ཆོ་འབྲང་གི་རྩ་ཁུངས་ཞིབ་ཏུ་དཔྱོད་པ་སོགས་རྩིས་ཆེར་འཛིན་སྲོལ་དུ་གྲགས་མོད། དེང་སང་ནི་དཔལ་ལྡན་ས་སྐྱ་པའི་གདུང་རབས་སོགས་རྩོད་མེད་ཡོངས་གྲགས་རེ་གཉིས་ཙམ་མ་གཏོགས་རིགས་རུས་ཀྱི་རྩ་ཁུངས་ཆོད་ངེས་ཤིག་ནི་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པས། ཅི་ནུས་ཀྱིས་སྔོན་གྱི་ཡིག་ཆ་དང་གནའ་བོའི་ངག་རྒྱུན་གཉིས་ཆ་གཅིག་ཏུ་བསྡེབས་ནས་ཧ་ལམ་གྱི་འདི་ལྟ་བུ་ཞིག་ཡིན་པའི་དམན་བློ་དེ་ལྷག་བསམ་ཟོལ་མེད་ཀྱིས་ཡེ་གེར་ཕབ་པ་ལས། མནོག་ཆུང་ཚེ་འདིའི་རྙེད་གྲགས་ཀྱི་ཕྱིར་དུ་འོལ་ཚོད་ཀྱིས་བྲིས་པ་ནི་ལར་ནས་མིན་ནོ།། 


  • ལེ་ཚན་སྔོན་མ།:ས་ཐོག་གི་བོད་མིས་ཆུ་ནང་གི་ཉ་མོར་འཛིན་པའི་ལྟ་ཚུལ།
  • ལེ་ཚན་རྗེས་མ།:བོད་ཀྱི་འཇལ་གཤོར་གདེགས་གསུམ་གྱི་ཚད།