བྱས་པ།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-01-28

བྱས་པ།

ཁོལ་རི་བྱང་ཆུབ་རྒྱལ་མཚན་མཆོག་ཉིད་ཡོངས་གྲགས་སུ་རིག་འཛིན་ཀློང་གསལ་སྙིང་པོ་ཞེས་འབོད།སྐུ་ཡི་འཁྲུངས་ཡུལ་ནི་དེང་སང་དཀར་མཛེས་ཁུལ་ཆ་ཕྲེང་རྫོང་གི་བྱས་པ་ཞེས་པའི་ཡུལ་དེ་ཡིན། བྱས་པ་ནི་ཆ་ཕྲེང་རྫོང་གི་ནུབ་བྱང་མཚམས་སུ་གནས།སྔར་དུས་རབས་མང་པོ་ཞིག་གི་ནང་བྱས་པའི་ཡུལ་དང་ཤོག་དྲུག་དང་ལྡན་པོ་བཅས་མཉམ་དུ་ལི་ཐང་མངའ་རིས་ཞིང་ཁམས་སུ་ཚུད།

བྱས་པའི་ཡུལ་དུ་ཆེས་སྔ་མོའི་དུས་ནས་ཞིང་ག་བཟང་པོ་ཡོད་པ་དང་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་ནས་གྲགས་ཆེ།མཆོད་རྟེན་དེ་ལོ་ག་དུས་ནང་སུ་ཞིག་གིས་བཞེངས་པ་སོགས་ཤེས་མཁན་མེད།སྐུ་འབུམ་མཐོང་གྲོལ་འདིའི་རྨང་དུ་ལྷ་ཁང་ཞིག་ཡོད།དེའི་རྟེན་གཙོར་སྤྱན་རས་གཟིགས་ཀྱི་སྐུ་ཆེན་པོ་ཞིག་བཞུགས་སྐད།རྗེས་སོར་རིག་གསར་སྐབས་སུ་ཉམས།དུས་ཕྱིས་རྙིང་མའི་སྤྲུལ་སྐུ་བོམ་རིན་པོ་ཆེ་ནས་ཉམས་གསོ་གནང་འདུགམིང་ལ་མཆོད་རྟེན་སྒང་ཅེས་གསོལ།དེ་ཡང་བྱས་པའི་ཡུལ་མི་བགྲེས་སོང་དག་གིས་ཤོད་སྲོལ་ལྟར་ན།བྱས་པ་ཞེས་པའི་ལུང་པ་འདི་སྲིད་པ་ཐོག་མ་ཆགས་པའི་གནས་ཤིག་ཡིན་པར་ངོས་འཛིན།གནའ་སྔ་མོ་ཞིག་ལ།ས་གཞི་ཐམས་ཅད་སྟོང་པ་ཡིན་དུས།ནམ་མཁའི་དབྱིངས་སུ་བྱེའུ་ཞིག་གིས་འབྲུ་ཡི་སྙེ་མ་ཞིག་ཁ་རུ་འཛིན་ཏེ་འཕུར།གནས་འདིར་སླེབས་དང་ལུང་པ་འདིའི་རྨད་དུ་བྱུང་བའི་ཡུལ་ལྗོངས་མཐོང་དང་བྱེའུ་དེ་ཡིས་ཡིད་སེམས་རབ་ཏུ་དགའ་བས་སྙེ་མ་དེ་གནས་འདིར་འཕངས། དེ་ནས་བཟུང་ལུང་པ་འདི་རུ་འབྲུ་ནས་ལོ་ཏོག་བཟང་བའི་གཏམ་གྱིས་ཁྱབ།ལུང་པའི་མིང་དུའང་བྱ་ཡིས་ས་བོན་འདེབས་པའི་བྱས་པ།ཡང་ན།བྱ་ཡིས་བྱས་པ་རེད་ཅེས་པའི་ཚིག་ཏུ་སྨིན།ཡུལ་ལུང་འདི་བསོད་ནམས་ཆེན་པོ་དང་ངོ་མཚར་ཆེན་པོ་ཡོད་ཅེས་སྒྲོགས།

རིག་འཛིན་ཀློང་གསལ་སྙིང་པོ་འཁྲུངས་ས་འདི་རི་གསུམ་ཆུ་གསུམ་བྲག་གསུམ་འཛོམས་པའི་གནས་ཡིད་དུ་འོང་བ་ཞིག་ཡིན།མདུན་རྒྱབ་ཀྱི་རི་གསུམ་ནི་དཔལ་ཆེན་གྲུབ་ཡོལ་རི་དང་།ཁྲི་ཆེན་མེ་ལོང་།ཟུར་མཁར་རི་བཅས།ཆུ་གསུམ་ནི།ས་ཡོད་ཆུ་དང་།འོག་ཡིན་ཆུ།ཤུལ་ཆུ་བཅས་གསུམ།བྲག་གསུམ་ནི་སྲིན་པོ་བྲགསེང་གེ་བྲགཟླ་གམ་བྲག་ཅེས་གསུམ།གཏེར་ཆེན་རིག་འཛིན་ཀློང་གསལ་འཁྲུངས་ས་དང་མཆོད་རྟེན་སྒང་གཉིས་ཀྱི་བར་དུ་དེ་སྔར་མཁར་ཆེན་པོ་གཉིས་ཡོད།དེང་སང་ཞིག་ཟིན།རིག་འཛིན་ཀློང་གསལ་འཁྲུངས་པའི་ཁྱིམ་ཚང་དེ་འཚོ་ཁ་སྐྱོ་པོ་ཡོད་ཅིང་།རིག་འཛིན་མཆོག་ཕལ་ཆེར་དགུང་ལོ་བཅུ་གཅིག་སོན་དུས་ཁྱིམ་ཚང་དེས་བུ་ལོན་གཅིག་གི་ཚབ་ཏུ་དབྲ་ཡུལ་ལ་སྐྱེལ་འདུག

བྱས་པ་བདེ་ཆེན་དགོན་འདི་དང་ཐོག་ས་སྐྱ་པའི་བླ་མ་བཙུན་ཆུང་ཀུན་དགའ་རྒྱལ་མཚན་མཆོག་ནས་ཕྱག་བཏབ།གཞན་ལི་ཐང་གི་མགོ་ལོག་དགོན་སར་ཡང་བླ་མ་འདིས་ཕྱག་བཏབ།དེང་སང་དགོན་པ་འདི་དག་གྲུབ་མཐའ་དགེ་ལྡན་པ་ཡིན།ལོ་རྒྱུས་འདིའི་སྐོར་ཟུར་དུ་རྒྱས་པར་ཞུ་འདོད་ཡོད།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:ལི་ཐང་གི་ངོ་སྤྲོད་སྔོན་མེད་ལེགས་བཤད་གསར་མ།
  • ལེ་ཚན་རྗེས་མ།:རྒྱ་ཡིག་གི་ལོ་རྒྱུས་དཔེ་རྙིང་ནང་དུ་གསལ་བའི་བཙན་པོ་རྣམས་ཀྱི་མཚན་འབྱུང་ཚུལ་ལ་མདོ་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།