བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།

        2018-09-27

བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།

     བསམ་ཡས་གཙུག་ལག་ཁང་མཚན་རྒྱས་པར་འབོད་ན་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་གྲགས།གཙུག་ལག་ཁང་འདི་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་འདབས་ཤིག་ན་གནས་ཤིང༌། དེ་ཡང་སྔོན་སྲོང་བཙན་རིང་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་དང་མཐའ་འདུལ་ཡང་འདུལ་བཅས་ཀྱི་ལྷ་ཁང་དང་། རྒྱལ་པོ་ཁྲི་ལྡེ་གཙུག་བཙན་གྱི་སྐབས་སུ་བྲག་དམར་མགྲིན་བཟང་ལ་སོགས་པའི་ལྷ་ཁང་བཞེངས་པར་བཤད་ཀྱང་། དེ་རྣམས་ནི་ལྷ་ཁང་ཙམ་སྟེ་ལྷ་རྟེན་བཞུགས་སའི་ཁང་པ་ཁོ་ན་མ་གཏོགས་གཞན་ཆོས་སྤྱོད་ཀྱི་བྱ་འགུལ་སྤེལ་ས་མེད་པར་བརྟེན། སྤྱི་ལོ༧༦༢ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་མཁན་པོ་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་ཏེ་ཡོངས་ཁྱབ་ལ་མཁན་སློབ་ཆོས་གསུམ་ཞེས་བོད་ཀྱི་ལོ་རྒྱུས་སྟེང་རླུང་ལྟར་གྲགས་པའི་ཁོང་རྣམ་པ་གསུམ་ཞལ་འཛོམས་པས། སྔར་གྱི་ལྷ་ཁང་དེ་རིགས་ཀྱིས་ནང་བསྟན་དར་རྒྱས་སུ་གཏོང་མི་ཐུབ་པར་གཞིགས་ནས་ལྷ་ཁང་ཆེན་པོ་བོད་དབུས་ཀྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་པ་དེ་བཞེངས་ཤིང་། ལྷ་ཁང་འདི་བཞེངས་གྲུབ་ཀྱི་ལོ་ནི་ལོ་རྒྱུས་ཡིག་ཆ་རྣམས་སུ་བཞེད་པ་མི་མཐུན་པ་ཡོད་ཀྱང་། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་བཀོད་པའི་བཙན་པོ་དགུང་ལོ་ཉེར་གཅིག་པ་ཆུ་ཕོ་སྟག་སྟེ་སྤྱི་ལོ༧༦༢ལ་རྨང་བཏིང་ནས་མེ་ཕོ་རྟ་སྟེ་སྤྱི་ལོ༧༦༦ལ་གྲུབ་པའི་ཞལ་ལུང་འདི་བདེན་པར་སྙམ་མོ།།

བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།
བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།


    གཙུག་ལག་ཁང་འདི་བོད་ཀྱི་ལོ་རྒྱུས་རྣམས་སུ་བཀོད་པ་ལྟར་སྟེང་ཤོད་རྒྱ་གར་དང་བར་ཤོད་བོད། འོག་ཤོད་རྒྱ་ནག་གི་ལུགས་སུ་བཞེངས་པས་ཆོས་འབྱུང་རྣམས་སུ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་བརྗོད།

     དེ་ལྟར་གཙུག་ལག་ཁང་འདིའི་བཀོད་པ་ནི་ཆོས་འབྱུང་རྣམས་སུ་འབྱུང་བ་བཞིན་ཕྱི་ཉམས་བརྗིད་ལྡན་ཞིང་ནང་མཛེས་རྩལ་མཐོ་བ་ཞིག་ཡིན་པར་མངོན་ཀྱང་། དུས་འགྱུར་གྱི་དབང་གིས་ད་ལྟ་གཙུག་ལག་ཁང་དེ་སྔོན་གྱི་གྱང་ཤུལ་ཙམ་ལས་ལུས་མེད་ལ་ཉེ་སྔོན་རིང་བསྐྱར་བཞེངས་བྱས་ཡོད་པ་དང་། སྔོན་ཆིན་རྒྱལ་རབས་སྐབས་སུ་བསམ་ཡས་ལ་དཔེ་བྱས་ཏེ་བཞེངས་པའི་ལྷ་ཁང་ད་ལྟའི་ཧོ་པེ་ཞིང་ཆེན་གྱི་ཁྲེན་ཏེ(承德)ན་མ་ཉམས་པར་ཡོད་པས་དེ་རིགས་ལ་མཇལ་ཚེ་གཙུག་ལག་ཁང་དེའི་བཀོད་ཁྱབ་མཐོང་ཐུབ་བོ།།

བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།

བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།

     དེ་ལྟར་གཙུག་ལག་ཁང་འདི་གྲུབ་རྗེས་བསྟན་པ་དར་རྒྱས་ཡོང་བའི་ཆ་རྐྱེན་གཙོ་བོ་ནི་དགེ་འདུན་གྱི་སྡེ་དགོས་པས་དེར་ཐོག་མར་ཉམས་སད་ཀྱི་ཚུལ་དུ་རྒྱལ་པོའི་སྐུ་འཁོར་གྱི་བོད་པ་གཞོན་ནུ་རྦ་གསལ་སྣང་སོགས་སྐྱ་མི་བློ་རིག་བརྟན་པ་བདུན་རབ་ཏུ་བྱུང་སྟེ་བཙུན་པ་བྱས་པར་བརྟེན། བོད་རང་ལ་ཆོས་བྱེད་ཀྱི་དགེ་འདུན་པ་ཐོག་མར་བྱོན་ཞིང་། དེའི་ཕྱིས་རིམ་གྱིས་བོད་དུ་དགོན་སྡེ་ཇེ་དར་དུ་སོང་བ་དང་བསྟུན་བོད་ལ་བཙུན་གཟུགས་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་བྱུང་བ་འདི་ལགས་སོ།།

བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།



  • ལེ་ཚན་སྔོན་མ།:རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ།།
  • ལེ་ཚན་རྗེས་མ།:ས་སྐྱོང་སྡེ་དགེའི་རྒྱལ་རབས་མདོར་བསྡུས་བཻཌཱུརྱའི་དོ་ཤལ།