གཞས་མ་གཏམ་སྒྱུ་རྩལ་བགྲོ་གླེང་གི་ཉིང་ཁུ།

བདེ་སྐྱིད་ཀྱིས་བསྒྱུར།        2018-06-08

གཞས་མ་གཏམ་སྒྱུ་རྩལ་བགྲོ་གླེང་གི་ཉིང་ཁུ།

● དཀར་མཛེས་ཁུལ་དུ་གཞས་མ་གཏམ་སྒྱུ་རྩལ་ལྷུག་བརྗོད་བྱས།

གསར་འགོད་པས། གཞས་མ་གཏམ་སྒྱུ་རྩལ་བགྲོ་གླེང་བྱེད་དོན་ཅི་རེད། དེ་ལ་དོན་སྙིང་ཅི་ཡོད་རེད་ལགས།

སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས། ཐེངས་འདིར་གཞས་མ་གཏམ་སྒྱུ་རྩལ་བགྲོ་གླེང་བྱས་པའི་དམིགས་ཡུལ་ནི་མི་འདང་ས་གསབ་སྣོན་དང་ཞན་ཆ་སྟོབས་ཤུགས་ལ་བསྒྱུར་ནས་འཆད་ཁྲིད་གསོ་སྦྱོང་བརྒྱུད་དེ་དཀར་མཛེས་ཁུལ་གྱི་གཞས་མ་གཏམ་གྱི་ཤེས་ཡོན་མི་སྣ་གསོ་སྐྱོང་བྱས་མཐར། ཁོ་ཚོར་མཐོང་རྒྱ་ཆེ་རུ་འགྲོ་བ་དང་ཆབས་ཅིག་བྱང་ཚད་ཇེ་དྲག་ཏུ་བཏང་སྟེ་ཁམས་པའི་རིག་གནས་ལ་བརྟེན་ནས་ས་གནས་རང་ཉིད་ཀྱི་ཁྱད་ཆོས་མཚོན་པའི་གཞས་མ་གཏམ་སྒྱུ་རྩལ་གྱི་བརྩམས་ཆོས་རྩེ་གྲ་ཅན་གསར་རྩོམ་བྱ་རུ་འཇུག་རྒྱུའི་རེ་བ་ཡིན་ཞེས་བཤད་པ་རེད།

གསར་འགོད་པས། དཀར་མཛེས་ཁུལ་དུ་གཞས་མ་གཏམ་སྒྱུ་རྩལ་གྱི་ད་ཡོད་གནས་ཚུལ་ཅི་འདྲ་རེད་ལགས།

ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་གཅིག་ལྕོགས་ལི་ཆིན་དབྱིན་གྱིས། དཀར་མཛེས་ཁུལ་གྱི་གཞས་མ་གཏམ་འདིར་ད་སྔ་ཆེས་ཆེ་བའི་དཀའ་ངལ་ནི་ཤེས་ཡོན་མི་སྣ་དཀོན་པ་དང་། ལྷག་ཏུ་གཞས་མ་གཏམ་སྒྱུ་རྩལ་གསར་རྩོམ་བྱེད་མཁན་གྱི་ཤེས་ཡོན་མི་སྣ་དང་གཞས་མ་གཏམ་འཁྲབ་སྟོན་བྱེད་མཁན་དཀོན་པོ་ཡིན་པ་རེད།

གསར་འགོད་པས། གཞས་མ་གཏམ་སྒྱུ་རྩལ་དཀར་མཛེས་ཁུལ་དུ་བགྲོ་གླེང་བྱས་པའི་བྱེད་སྒོའི་ནང་ཞུགས་དོན་ཅི་ཡིན། ཁྱོད་ཀྱིས་དེ་ལ་དོ་སྣང་བྱེད་དོན་ཅི་ཡིན་ལགས།

ཀྲུང་གོའི་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ། བུད་མེད་སྐད་གདངས་མཐོན་པོའི་གླུ་པ་ཧན་ཡན་ཝུན་གྱིས།1992ལོར་ང་རིག་གནས་པུའུ་ཡིས་སླར་ཡང་དམར་དམག་རྒྱང་སྐྱོད་ལམ་དུ་སྐྱོད་པའི་བྱེད་སྒོའི་ནང་ཞུགས་ནས་དཀར་མཛེས་ཁུལ་དུ་སླེབས་མྱོང་། ལོ་ཉི་ཤུ་ལྷག་ཙམ་སོང་རྗེས་དཀར་མཛེས་ཁུལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ནས་དངོས་གནས་རྣམ་པ་གསར་བརྗེས་རེད་འདུག དར་མདོ་ནི་མཛའ་གཞས་ལ་བརྟེན་ནས་སྐད་གྲགས་ཁྱབ་པར་བརྟེན། རིག་གནས་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་གཞན་གྱིས་ཚབ་བྱེད་ཐབས་མེད་པ་ཞིག་རེད། དཀར་མཛེས་ཁུལ་ལ་གཏིང་ཟབ་མོའི་རིག་གནས་ཀྱི་ནང་དོན་ཞིབ་ཆ་དང་དེ་བཞིན་དུ་དམིགས་བསལ་གྱི་རིག་གནས་སྒྱུ་རྩལ་གྱི་རྣམ་པ་ཡོད་ཅིང་། གཞས་མ་གཏམ་སྒྱུ་རྩལ་བགྲོ་གླེང་བྱས་པར་བརྒྱུད་དཀར་མཛེས་ཁུལ་གྱི་གཞས་མ་གཏམ་སྒྱུ་རྩལ་ལས་ཀ་སྒྲུབ་མཁན་ལ་རོགས་རམ་དེ་བས་ཆེན་པོ་ཐོབ་རྒྱུའི་རེ་བ་ཡོད་ལ། མི་དེ་བས་མང་བོ་ཞིག་གིས་དཀར་མཛེས་ཀྱི་རྩ་ཆེ་བའི་རིག་གནས་ལ་རྒྱུས་ལོན་འབྱུང་རྒྱུའི་རེ་བའང་ཡོད་ཅེས་བཤད་པ་རེད།

● གཞས་མ་གཏམ་སྒྱུ་རྩལ་བགྲོ་གླེང་ཁྲོད་ནས་བྱུང་བའི་སྙིང་གཏམ།

གསར་འགོད་པས། གཞས་མ་གཏམ་སྒྱུ་རྩལ་བགྲོ་གླེང་བྱས་ནས་འབྲས་བུ་ཅི་འདྲ་ཞིག་ཐོབ་ཡོད་རེད་ལགས།

རྟའུ་རྫོང་རིག་གནས་ཁང་གི་རྩོམ་སྒྲིག་འཁྲབ་ཁྲིད་པ་ཁམས་བཀྲ་ལོས། ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད། གསོ་སྦྱོང་གི་དུས་ཚོད་ཐུང་ཐུང་ཡིན་མོད། གསོ་སྦྱོང་གི་རིང་ལ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་གཞས་མ་གཏམ་གྱི་ཆེད་ལས་ཤེས་བྱ་དང་གཞས་མ་གཏམ་སྒྱུ་རྩལ་གསར་རྩོམ་བྱེད་ཐབས་ཚང་མ་ནི་མི་སེམས་འགུག་པ་ཞིག་རེད། འདི་ནི་ཕྱིན་ཆད་ང་རང་གིས་གཞས་མ་གཏམ་སྒྱུ་རྩལ་རིགས་ཀྱི་ལེ་ཚན་གསར་རྩོམ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། གཞས་མ་གཏམ་གྱི་ལམ་བུའི་ཐོག་སློབ་སྦྱོང་བྱེད་མཚམས་གཏན་ནས་འཇོག་མི་ཉན་པའི་གནས་ལུགས་ཟབ་མོ་ཤེས་བྱུང་ཞེས་བཤད་པ་རེད།

སི་ཁྲོན་མི་རིགས་སློབ་གླིང་གླུ་གཞས་མཉམ་ལེན་ཚོགས་པའི་སློབ་ཁྲིད་དགེ་རྒན་མུའོ་ཧྥེས། ཐེངས་འདིའི་བྱེད་སྒོའི་ནང་ཞུགས་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད། འཆད་ཁྲིད་ལ་ཉན་རྗེས་མྱོང་ཚོར་ཟབ་མོ་ཐེབས་བྱུང་། དགེ་རྒན་ཚོས་གོ་བདེ་ལ་དོན་ཟབ་མོས་གསེད་བཀྲོལ་བྱས་པ་དང་དབྱེ་ཞིབ་བྱས་པ་ནི་ང་ཚོ་ཚང་མས་རྒྱུན་འཁྱོངས་ལྷོན་མེད་ཀྱིས་སློབ་སྦྱོང་དང་གསར་གཏོད་བྱ་དགོས་པའི་གནས་ལུགས་ཤུགས་སུ་བསྟན། ཕྱིན་ཆད་དུས་ཡུན་རིང་པོར་ལས་དོན་སྒྲུབ་སྐབས་ཕན་ཐོགས་ཆེན་པོ་ཡོད་པ་རེད། སྒྱུ་རྩལ་སློབ་གསོའི་ལས་དོན་སྒྲུབ་མཁན་དང་ཁྱབ་སྤེལ་བྱེད་མཁན་གྱིས་ལས་ཀའི་ཁྲོད་རྒྱུན་ཆད་མེད་པར་སློབ་སྦྱོང་དང་བསམ་གཞིགས། ཉམས་མྱོང་གསོག་པ་བཅས་བྱས་ནས་རིག་རྩལ་ཁྱབ་སྤེལ་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་གཞོན་པ་ཡེ་དགའ་ཡིས། ཐེངས་འདིའི་གསོ་སྦྱོང་ནང་གྲུབ་འབྲས་ཆེན་པོ་ཐོབ་བྱུང་། ང་རང་དཀར་མཛེས་ཁུལ་གྱི་རིག་རྩལ་ལས་ཀ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་བཤད་ན། ཐེངས་འདིའི་གསོ་སྦྱོང་ནང་ཐོབ་པའི་སྦྱངས་འབྲས་འདི་སྒྱུ་རྩལ་གསར་གཏོད་ནང་བེད་སྤྱོད་བྱས་ནས་ཁམས་པར་དམིགས་པ་དང་རྒྱལ་ཡོངས་ལ་མིག་རྒྱང་བལྟས་ནས་རྩེ་གྲ་ཅན་གྱི་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་བྱས་ཏེ་དཀར་མཛེས་ཁུལ་གྱི་རིག་རྩལ་འཕེལ་རྒྱས་ལ་སེམས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

● གཞས་མ་གཏམ་གྱི་སྒྱུ་རྩལ་བགྲོ་གླེང་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད།

གསར་འགོད་པས། དཀར་མཛེས་ཁུལ་གྱི་གཞས་མ་གཏམ་རིག་གནས་འཕེལ་རྒྱས་གཏང་རྒྱུའི་ཐད་གྲོས་འགོ་ཅི་ཡོད་ལགས།

ཀྲུང་གོའི་གཞས་མ་གཏམ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལི་རུང་གིས། དཀར་མཛེས་ཁུལ་ཡུལ་སྐོར་དུས་ཆེན་དང་ཡུལ་སྐོར་ལས་གཞི། ཡུལ་སྐོར་བ་མང་བའི་དུས་ཚིགས་སོགས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ཁམས་པའི་ཁྱད་ཆོས་ལྡན་པའི་རིག་གནས་ཇུས་འགོད་བཟོས་ནས་རིམ་བཞིན་རྒྱལ་ཡོངས་སུ་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐོན་པའི་གཞས་མ་གཏམ་རིག་གནས་སྤུས་རྟགས་ཀྱི་བྱེད་སྒོ་སྤེལ་སྟེ། ལྟད་མོ་བ་ལ་གཞས་མ་གཏམ་ལེ་ཚན་ཡག་པོ་འཁྲབ་ནས་ཁོ་ཚོའི་དགོས་མཁོ་བསྐོང་ཐུབ་པར་བྱས་ནས། གཞས་མ་གཏམ་རིག་གནས་དང་དཀར་མཛེས་ཁུལ་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བ་བཅས་བྱ་དགོས་ཞེས་གྲོས་འགོ་བཏོན་པ་རེད།

ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་གཞས་མ་གཏམ་གྱི་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏིང་ཏང་གིས། གཞས་མ་གཏམ་ནི་གླུ་གར་དང་མི་འདྲ་བ་རེད། གཞས་མ་གཏམ་ནི་བཤད་རྒྱུ་དང་གླུ་ལེན། གཟུགས་དབྱིབས་སོགས་ཀྱི་འཁྲབ་སྟོན་བྱས་ནས། ཆེས་ཐད་ཀ་མཐོང་མགྱོགས་པའི་བྱེད་ཐབས་ལ་བརྟེན་ནས་གསོན་ཉམས་ལྡན་པའི་གཏམ་རྒྱུད་རེ་རེ་བཞིན་གར་སྟེགས་ཐོག་འཁྲབ་རྒྱུ་དེ་རེད། གཞས་མ་གཏམ་ནི་མི་སེར་རྣམས་དགའ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་རེད་ཅེས་བཤད་པ་རེད།

སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས། ཕྱིན་ཆད་ང་ཚོས《གླིང་སྒྲུང》རིགས་དང་འདྲ་བའི་གཞས་མ་གཏམ་སྤུས་རྟགས་གཏོད་རྒྱུས་སྲོག་ཤིང་བྱས་ནས། བཅར་འདྲིའི་བྱེད་སྒོ་སྤེལ་ནས་གཞས་མ་གཏམ་གྱི་སྒྱུ་རྩལ་ལས་ཀ་སྒྲུབ་མཁན་ཚོས་ཁམས་པའི་དམངས་སྲོལ་ཡུལ་སྲོལ་ལ་སྔར་བས་མྱོང་ཚོར་བྱེད་པར་སྐུལ་སློང་བྱས་མཐར། ལྟད་མོ་བ་ཚོ་དགའ་བའི་གཞས་མ་གཏམ་གྱི་སྒྱུ་རྩལ་ཡག་མོ་གསར་རྩོམ་བྱས་པར་མ་ཟད། གཞས་མ་གཏམ་གྱི་སྒྱུ་རྩལ་རིག་གནས་དེ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་དང་མཉམ་འདྲེས་བྱ་རྒྱུར་བརྩོན་ལེན་བྱས་ནས། མི་དེ་བས་མང་པོས་དཀར་མཛེས་ཁུལ་ལ་ངོས་འཛིན་དང་དཀར་མཛེས་ལ་ཡི་རང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སི་ཁྲོན་མི་རིགས་སློབ་གླིང་གི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཏང་ཀྲི་པུའུ་ཨུ་ཡོན་ཧྥན་ཡན་ལིས། སི་ཁྲོན་མི་རིགས་སློབ་ཆེན་རོལ་དབྱངས་ཞབས་བྲོ་སློབ་གླིང་དེ་དཀར་མཛེས་ཁུལ་གྱི་སྒྱུ་རྩལ་སློབ་སྦྱོང་རྟེན་གཞིའི་གྲས་ཤིག་ཡིན་པས། དཀར་མཛེས་ཁུལ་གྱི་གཞས་མ་གཏམ་སྒྱུ་རྩལ་གྱི་ཤེས་ཡོན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ལས་འགན་དང་འགན་འཁྲི་ཡོད་པ་རེད། ཕྱིན་ཆད་སློབ་ཁྲིད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁྲོད་སློབ་གླིང་གིས་རང་ཡུལ་གྱི་གཞས་མ་གཏམ་རྒྱུན་འཛིན་དང་གསར་གཏོད་ཡག་པོ་བྱ་རྒྱུ་ཡིན་པ་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:སྡེ་དགེའི་མདུན་བྲོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • རྩོམ་གསར། 10