དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་རྩང་ཐང་སྦྲང་མའི་གླུ་དབྱངས་ཞེས་བྱ་བ།

ར་ཧོར་བ་དགེ་འདུན་དར་རྒྱས།        2018-05-14

དབལ་ཤུལ་སྦུབས་ཐ་མ་བྱ་བའི་འབྲོག་སྡེ་འདི་ནི་དང་པོ་མདོ་འབྲི་རྫ་ཟལ་མོའི་སྒང་གི་རྒྱུད། རྩང་ཡུལ་མནྡ་ར་བའི་ཆར་ཆགས་ཡོད་ལ། སྦུབས་ཐ་མ་ཟེར་དོན་ཡང་རྩང་ཁོག་བརྒྱུད་ནས་སྦུབས་སུ་ཆགས་པའམ་ཕུག་ཏུ་ཡོད་པའི་སྡེ་བའི་དོན་ཡིན། ཡུལ་གྱི་བདག་པོ་ནི་གཉུག་མར་གནས་པའི་ཟོ་དོར། གཉན་པོ་སྒ་སྣའི་བོན་རྒན་དང་བཀྲ་ཆུང་གཡུ་རྩེ། གཡག་སྙིང་མཐོན་པོ་བཅས་ཡིན། ས་དེར་སྔར་སྒ་སྣ་དགོན་བྱ་བའི་བོན་པོའི་དགོན་པ་ཞིག་ཡོད། རྗེས་སུ་ར་ཧོར་དགོན་ཞེས་བཏགས། སྡེ་བ་འདི་ནི་ལོ་རྒྱུས་ཧ་ཅང་རིང་པོ་ལྡན་པ་ཞིག་ཡིན་པས་ལོ་རྒྱུས་ཉུང་བསྡུས་ཤིག་བཀོད་པ་གཤམ་གསལ།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་རྩང་ཐང་སྦྲང་མའི་གླུ་དབྱངས་ཞེས་བྱ་བ།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་ལས་ར་ཧོར་དགོན་པའི་ལོ་རྒྱུས་བཤད་པ།

སྔར་སྒ་སྣ་དགོན་བྱ་བའི་བོན་པོའི་དགོན་པ་ཞིག་ཡོད། རྗེས་སུ་བོན་དགོན་དེ་ད་ལྟ་དགོན་པ་ཡོད་ས་དེར་གནས་སྤོས། དེའི་རྗེས་སུ་སྔ་འགྱུར་སྙིང་མའི་གྲུབ་མཐར་བསྒྱུར། སོག་ཇུན་གར་བའི་དམག་བོད་ལ་ཐེངས་དང་པོ་ཐོན་པའི་སྐབས་ས་སྐྱའི་གྲུབ་མཐར་བསྒྱུར་བས་ར་ཧོར་དགོན་ཞེས་བཏགས། སོག་དམག་ལོ་བཅུ་གཉིས་ལ་ས་དེ་གར་བསྡད་ཅེས་བཤད། ཡང་རྗེས་སུ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་སློབ་མ་ཧོར་གྱི་བུ་ཆེན་བཞིའི་ཡ་གྱལ་འཇང་སྒ་ཨ་འཕན་གྱི་དབོན་ཚ་འཇང་སྒང་ཚུལ་ཁྲིམས་རྡོ་རྗེས་དགོན་པ་དེ་རྒྱལ་བ་དཔལ་ཡུལ་བར་བསྒྱུར། དེའི་རྗེས་སུ་མཆོག་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པོས་རྫོགས་ཆེན་ལ་བསྒྱུར་ནས་ད་བར་དུ་གནས་སོ།། དགོན་པ་འདི་ལ་སྔར་ཆིན་རྒྱལ་རབས་སྐབས་གོང་མ་ཆན་ལུང་གིས་འཇང་སྒང་ཚུལ་ཁྲིམས་རྡོ་རྗེ་ལ་ཧུ་ཐོག་ཐུ་ཞེས་པའི་འཇའ་ས། ཏོག་དམ་ཀ། ཆ་ལང་སེང་ཐོད་མ་སོགས་བསྩལ། རྗེས་སུ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་དགོན་པར་བཅའ་ཡིག་ཆེན་མོ་གནང་། ར་ཧོར་སྐུ་ཆེན་མི་ཉག་ལྕགས་ལ་རྒྱལ་པོའི་དབུ་བླར་གྱུར། དགོན་ཁག་བཅུ་གསུམ་བླ་གྲྭ་དང་བཅས་པ་ཕུལ། རྒྱལ་རོང་ཅོག་ཙེ་རྒྱལ་པོ། རྫི་འགགས་རྒྱལ་པོ། འབྲོང་རྫོང་ཏ་རོ་དཔོན་སོགས་ཀྱིས་དགོན་ཁག་ཉེར་ལྔ་ཕུལ།ཨ་མདོ་དགེ་བཤེས་ནས་དར་གྱི་སྙན་མོ་རིའི་དགོན་པ་ཕུལ། ས་ཕྱོགས་ཀུན་དུ་རྒྱལ་བའི་བཀའ་འགྱུར་དང་དུས་འཁོར། སྙིང་ཐིག་སོགས་ཀྱི་དབང་ལུང་གསུངས་ནས་ར་ཧོར་བཀའ་འགྱུར་བ་ཆེན་མོ་ཞེས་མཚན་གསོལ། མཁན་པོ་གཞན་དགའི་ཐུགས་ཀྱི་བུ་ཆེན་ཆོས་གྲགས་རྣམ་གཉིས་ལས་ར་ཧོར་ཆོས་གྲགས་ལྷ་སའི་མདའ་དཔོན་ཁྱུང་རིམ་པའི་གདན་ཞུ་དང་བསམ་ཡས་སུ་འབྲུག་དགོན་པ་གསར་དུ་བཙུགས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་དགེ་བཤེས་འཇམ་དབྱངས་ཕུན་ཚོགས་ལ་ལྷ་རིམ་ཨང་དང་པོ་ཐོབ། དགེ་བཤེས་འཇམ་དབྱངས་རྒྱ་མཚོ་དང་དགེ་བཤེས་བསོད་ནམས་འགྱུར་མེད། དཀྲ་དགེ་བཤེས་ཐུབ་བསྟན་སྙན་གྲགས་སོགས་མཁས་ཤིང་གྲགས་པ་ཕྱོགས་ཕྱོགས་སུ་ཁྱབ། མཁན་ཆེན་བླ་མ་ཟླ་བའི་འོད་ཟེར་འབྲུག་རྒྱལ་པོའི་དབུ་བླར་གྱུར་སོགས་མཐའ་ཡས་སོ།།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་རྩང་ཐང་སྦྲང་མའི་གླུ་དབྱངས་ཞེས་བྱ་བ།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་ལས་གཉུག་མར་གནས་པའི་གཞི་བདག་སྒ་སྣའི་བོན་རྒན་གྱི་ལོ་རྒྱུས་བཤད་པ།

 

གནའ་མི་ཚོས་བཤད་རྒྱུར་ཡུལ་གྱི་བདག་པོ་གཉུག་མར་གནས་པ་སྒ་སྣའི་བོན་རྒན་བྱ་བ་ནི་དབལ་ཤུལ་སྦུབས་ཐ་མའི་ཕ་མེས་བརྒྱུད་པའི་ཡུལ་གྱི་སྲུང་མ་གཙོ་བོ་ཡིན། འདིའི་ལོ་རྒྱུས་ནི་སྔར་སྒ་སྣའི་བོན་དགོན་ལས་བླ་རྒན་ཞིག་སྲི་ངན་པ་འཁོར་ཡོད་སའི་དུད་ཚང་ཞིག་ལ་སྐུ་རིམ་འདོན་སར་གཡག་སྔོན་པོ་རྭ་མེད་པ་ཞིག་ཞོན་ནས་འགྲོ་བའི་སྐབས་སྲིའི་གནོད་པ་ལས་གཡག་གིས་ཚ་སྐོར་ཞིག་བྱས་པས་བླ་རྒན་གྲིར་ཤི། དེ་ནས་འདྲེ་རུ་སྐྱེ། དགོན་པ་དང་ཡུལ་ཁམས་ལ་གནོད་པ་ཚབས་ཆེན་བྱས་པས་དགོན་པ་དེ་ད་ལྟའི་དགོན་པ་ཡོད་ས་དེར་མར་སྤོས། དེ་ནས་བོན་པོའམ་བན་དེ་ནུས་མཐུ་ཅན་སུ་ཡིན་མི་གསལ་བ་ཞིག་གིས་དམ་ལ་བཏགས་པས་ཡུལ་གྱི་སྲུང་མར་བསྐོས། རི་ཤོད་དུ་ཆུ་མིག་ཡོད་པ་དེ་ཡུམ་ཡིན་ཞེས་རྡོ་བླ་ཀུན་བཟང་གཞན་ཕན་གྱིས་མཛད་པའི་ཡུལ་ལྷ་འདིའི་བསང་ཡིག་རྙིང་བ་ཞིག་གི་ནང་འདུག་ཟེར། རྗེས་སུ་ར་ཧོར་སྐུ་ཆེན་ནམ་མཆོག་སྤྲུལ་ཀུན་བཟང་འགྱུར་མེད་བསྟན་འཛིན་གྱིས་དགའ་སྣའི་སྤོམ་རྒན་གྱི་བསང་མཆོད་བསྡུས་པ་དགའ་བའི་ཚིག་ཕྲེང་ཞེས་བྱ་བ་ཞིག་མཛད་འདུག།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་རྩང་ཐང་སྦྲང་མའི་གླུ་དབྱངས་ཞེས་བྱ་བ།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་ལས་དཔོན་རབས་བརྒྱུད་པའི་ཕྲེང་བ་བཤད་པ།

འབྲོག་སྡེ་འདིའི་དཔོན་རབས་ཕྲེང་བའི་བརྒྱུད་པ་ནི།

དཔོན་རབས་དང་པོ། ཝ་མོ་ཞོང་ཞོང་།

དཔོན་རབས་གཉིས་པ། དབལ་ཤུལ་ཞང་ཞུང་ཁྲོ་རྒྱལ།

དཔོན་རབས་གསུམ་པ། དབལ་ཤུལ་བཀྲ་བུ་སྐྱབས་སམ་དབལ་ཤུལ་བཀྲ་སྐྱབས།

དཔོན་རབས་བཞི་པ། དབལ་ཤུལ་གེ་གོ་སྐྱབས།

དཔོན་རབས་ལྔ་པ། དབལ་ཤུལ་མགོན་ཐར་འབུམ།

དཔོན་རབས་དྲུག་པ། དབལ་ཤུལ་བླ་མ་དོན་གྲུབ།

དཔོན་རབས་བདུན་པ། དབལ་ཤུལ་གསང་བ།

དཔོན་རབས་བརྒྱད་པ། དབལ་ཤུལ་དཔལ་ཆེན།

དཔོན་རབས་དགུ་བ། དབལ་ཤུལ་ནམ་མཁའ་ཚེ་བསྟན།

དཔོན་རབས་བཅུ་བ། དབལ་ཤུལ་མགོན་རྡོར།

དཔོན་རབས་བཅུ་གཅིག་པ། དབལ་ཤུལ་བླ་མ་ཡོངས་འཛིན་ནམ་ཡོངས་གྲགས།

དཔོན་རབས་བཅུ་གཉིས་པ། དབལ་ཤུལ་ནམ་མཁའ་འབུམ།

དཔོན་རབས་བཅུ་གསུམ་པ། དབལ་ཤུལ་ལི་ཐུང་མ།

དཔོན་རབས་བཞི་བ། དབལ་ཤུལ་མགོན་ཐར་འབུམ་དགུང་ལོ་བརྒྱད་ཅུ་གྱ་བཞི་ལྷག་ལ་བསྡད།

དཔོན་རབས་བཅོ་ལྔ་པ། དབལ་ཤུལ་འཇིགས་ཐར་དགུང་གྲངས་ལྔ་བཅུ་ལྷག་ལ་བཞུགས་པ་བཅས་ཀྱིས་དབལ་ཤུལ་དཔོན་རབས་ཀྱི་མཇུག་བསྡུས་སོ།།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་རྩང་ཐང་སྦྲང་མའི་གླུ་དབྱངས་ཞེས་བྱ་བ།

 

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་ལས་རྩང་གི་ཡུལ་དུ་ཆགས་པའི་སྐབས་བཤད་པ། 

འབྲོག་སྡེ་འདི་རྣམ་དག་རྩང་གི་ཡུལ་དུ་ཆགས་ནས་ཧ་ཅང་ཡུན་རིང་སོང་ནའང་ལོ་རྒྱུས་དཔྱད་གཞི་དང་ལོ་ལོན་རྒན་པོའི་ངག་རྒྱུན་ཉུང་སྟབས་རྒྱས་པ་ཞིག་འགོད་ཐབས་བྲལ་ན་ཡང་ར་ཧོར་བླ་མ་རྒྱ་མཚོའི་སྐུ་རིང་ལ་དབལ་ཤུལ་སྦུབས་ཐ་མའི་དཔོན་བླ་མ་གཉིས་ཀ་དབལ་ཤུལ་ཡོངས་འཛིན་བྱ་བ་རབ་བྱུང་ཞིག་ཡིན་པ་དེ་ཡིན། དེས་རིང་ལ་ཡུལ་དགོན་གཉིས་ཀྱི་བསྟན་སྲིད་ཡར་རྒྱས་ཡོང་བའི་ཆེད་དུ་བླ་མ་རྒྱ་མཚོ་ལ་རིམ་གྲོ་སོགས་ཅི་བྱས་ན་དགའ་ཞེས་ཞུས། བླ་མའི་ཐུགས་ལ་རྩང་གི་ས་རྐུབ་དེ་འདན་ཐུབ་སོང་ན་ཡུལ་དགོན་གཉིས་ཀྱི་བསྟན་སྲིད་ཟུང་ལ་ཕན་པ་ཆེན་པོ་ཡོད་རྒྱུ་རེད་དགོངས་ནས་རྩང་གི་གཡག་སྙིང་ཁམས་མདོ་རུ་གུ་དྲག་དང་ཕུར་བསྙེན་གྱི་རྡོ་འབུམ་ཞིག་བཞེང་ཐུབ་ན་རྒྱལ་བསྟན་དར་ཞིང་རྒྱས་ལ་ཡུལ་ཁམས་བདེ་ཞིང་སྐྱིད་པ་ཞིག་འོང་གསུངས། དེ་ནས་དབལ་ཤུལ་སྦུབས་ཐ་མས་གཙོ་བོ་མཛད་པས་གཡག་སྙིང་རྡོ་རིང་མ་བཞེངས། འདིའི་རྡོ་མང་ཆེ་བ་སྔར་སོག་དམག་གི་སྒར་ཤུལ་དང་དམག་བརྡ་གཏོང་བའི་སོ་ཁང་གི་ཤུལ་གྱི་རྡོ་ཡིན་པས་རྡོ་ལེགས་པོ་མེད་ཀྱང་མཐར་རིང་ཚད་ཁྲི་སྟོང་གཅིག་དགུ་བརྒྱ་བཞི་བཅུ་ཞེ་བཞི། མཐོ་ཚད་ཁྲི་དྲུག། ཞིང་ཚད་ཁྲི་བརྒྱད་ཙམ་ཡོད་པ་ཞིག་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བས་ཡུལ་དགོན་གཉིས་ཆར་ཕན་པ་རྒྱ་ཆེན་པོ་བྱུང་ངོ་།།

ཡང་བླ་མ་དབལ་ཡོངས་ནས་མཐུན་སྐྱེན་སྦྱར་བས་དབལ་ཡོངས་ཀྱི་མཆོད་རྟེན་བྱ་བ་མཐོ་ཚད་ལ་ཁྲི་ལྔ་བཅུ་ལྷག་ཡོད་ཞིག་ར་ཧོར་ཁམས་མདོར་བཞེངས་ནས་ལེགས་འགྲུབ་བྱུང་། རབ་གནས་དང་ཚོགས་མཆོད་རྒྱ་ཆེན་པོ་མཛད་པར་བཤད།

བླ་མ་རྒྱ་མཚོའི་སྐུ་རིང་ལ་སྦུབས་ཐ་མའི་སྡེ་མི་འགས་རོང་བླ་འདིའི་ཅི་བཤད་སྒྲུབ་ཚོད་མེད་ཟེར་ནས་ཡ་ལན་བཏང་བ་སོགས་འགལ་ཟླ་ཆེ་ཆུང་མང་པོ་བྱུང་། བོད་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ༡༨༥༢ལོ་ཡས་མས་སུ་ཉག་སྐེད་ཨ་མགོན་ནམ་མགོན་པོ་གནམ་རྒྱལ་གྱིས་བྲག་མགོ། ལི་ཁག། གཡུ་ཁོག་སོགས་ཡུལ་སྡེ་མང་པོ་བཙན་ཐབས་ཀྱིས་མངའ་འོག་ཏུ་བསྡུ་བའི་སྐབས་ལ་ཁེལ། དབལ་ཤུལ་སྦུབས་ཐ་མའི་དཔོན་དབལ་ཤུལ་ནམ་མཁའ་འབུམ་བཙན་བཟུང་བྱས་ནས་ཁྲིད་སོང་བ་བུ་རྒོད་པའི་དབང་གིས་ཕྱིར་ཤོར་བ་རང་ཡུལ་དུ་འདུག་མ་ཕོད་ནས་བླ་མ་རྒྱ་མཚོ་ལ་ཉག་བདུད་དེའི་མངའ་འོག་ཏུ་མི་འགྲོ་བའི་ཐབས་གང་དགའ་ཞུས་པ་ན་བླ་མ་རྒྱ་མཚོས་གྱིག་མ་དང་ཀ་སྐྱ་བྱ་བའི་ལུང་པའི་ནང་ཡར་རྡོ་འབུམ་ཚོམ་བུ་མང་པོ་ལས་ན་ཉག་བདུད་ཀྱི་དབང་འོག་ཏུ་མི་འགྲོ་གསུངས་པས་བཞེང་བཅུག། དེའི་རྐྱེན་ཀྱིས་དབལ་ཤུལ་སྦུབས་ཐ་མ་རྡོ་འབུམ་ལམ་ལ་བཞག་པ་ལྟར་ས་མཐའ་ལ་འགྲོ་དགོས་བྱུང་ཡང་ཉག་མགོན་གྱི་མངའ་འོག་ཏུ་མ་སོང་། འདི་བླ་མ་རྒྱ་མཚོས་ངན་ལན་བསྐོར་བ་རེད་ཟེར་སྲོལ་འདུག སྐབས་དེར་དུད་གྲངས་བདུན་ཅུ་ལྷག་ཡོད་པར་བཤད།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་རྩང་ཐང་སྦྲང་མའི་གླུ་དབྱངས་ཞེས་བྱ་བ།
དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་ལས་རྡོ་ཁོག་དང་འགོ་ལོག་གཅིག་གྲོལ་རྫོང་ཁུངས་སུ་ཆགས་པའི་སྐབས་བཤད་པ།

 

དབལ་ཤུལ་སྦུབས་ཐ་མ་འདི་ཉག་མགོན་པོ་གནམ་རྒྱལ་ལ་བྲོས་ནས་དང་པོ་རྡོ་ཁོག་ཏུ་སོང་།སྐབས་དེར་དབལ་ཤུལ་དཔོན་པོ་ནམ་མཁའ་འབུམ་གྱི་བུ་དབལ་ཤུལ་ལི་ཐུང་མ་རྟ་འཕོངས་ལ་འདུག་ཐུབ་ཙམ་ལས་མིན་ཟེར།རྡོ་ཁོག་ཏུ་ལོ་གཉིས་གསུམ་ལ་བསྡད། དེ་ནས་འགོ་ལོག་ཕྱོགས་སུ་སོང་ནས་ཕྱིར་མ་འཁོར། བླ་མ་ར་ཧོར་ཚང་རི་བདག་བྱེད་སར་ཐེངས་འགར་སོང་ཡང་བླ་མ་རྒྱ་མཚོས་ས་བཅོས་བྱས་པས་ངེད་འོང་ས་མེད་ཟེར་ནས་ཕྱིར་འཁོར་ཁ་མ་ཉན། རྗེས་སུ་དབལ་ཤུལ་དཔོན་གྱིས་རྫ་མུ་ར་པདྨ་བདེ་ཆེན་བཟང་པོའི་སྒར་ནས་གདན་ཞུ་ལྟར་ར་ཧོར་སྐུ་ཆེན་འཇམ་དབྱངས་གྲུབ་པའི་དབང་པོ་ཕེབས་ནས་རབ་བྱུང་གི་བཤས་མི་བཤའ་རྒྱུ་སོགས་ཆོས་ཁྲིམས་བཞག་ནས་བཀའ་དང་དབང་ལུང་མང་དུ་བསྩལ་ཡང་ཚུར་མ་འོང་། དེ་ནས་བླ་མ་ར་ཧོར་ཚང་གི་བཀའ་དང་འགལ་བས་མནན་གཏད་བྱས། རྗེས་སུ་དབལ་ཤུལ་འཇིགས་ཐར་གྱི་རིང་ལ་ར་ཧོར་རྫོགས་སྤྲུལ་འཇམ་དབྱངས་ཐུབ་བསྟན་སྙན་གྲགས་དང་གྲོས་བྱས་པས་རྡོའི་ཤུགས་ཆུང་དགོན་དུ་གྱོད་བཤད་རྒྱུ་བྱས།ར་ཧོར་ཕྱོགས་ནས་རྫོགས་སྤྲུལ་གྲྭ་འཁོར་དང་སྦུབས་ཐ་མའི་ཕྱོགས་ནས་དཔོན་དབལ་ཤུལ་འཇིགས་ཚུལ། དབལ་ཤུལ་སེང་དཔལ། བསྟན་བསྲུང་། པད་འཇིགས་བཅས་མི་བཞི་གྱོད་ཀྱི་ནང་ཞུགས་ནས་གཟུ་ཐག་བཅད་པ་ནི་བླ་མ་ར་ཧོར་ཚང་ནས་མནན་པ་ལེན་རྒྱུ་དང་སྦུབས་ཐ་མ་ཚུལ་རྩང་ལ་འོང་རྒྱུ་དང་གྲྭ་རྒྱུན་གཏོང་རྒྱུ་བྱས། དབལ་འཇིགས་དང་དབལ་ཤུལ་སེང་དཔལ་གཉིས་ར་ཧོར་དགོན་དུ་ཐོན་ནས་མནན་པ་བླངས། སྐབས་དེར་འགོ་ལོག་ནས་གྲྭ་སར་རྒྱུ་ཐ་གངས་རྣམ། ལྕམ་པའི་ཡང་དག། རྦུ་དྲི་མེད། ལོ་ཤུལ་ལམ་བྱ་པདྨ་ཚུལ་ཁྲིམས། ལྕམ་པའི་བཟོད་པ་བཅས་བླ་གྲྭ་མི་ལྔ་བྱུང་ནས་ལོ་འགར་གྲྭ་སར་བཞུགས།དེ་ནས་དུས་འཁྲུགས་དང་དམངས་གཙོ་བཅོས་བསྒྱུར་ལ་ཁེལ་ནས་སྡེ་བ་ཚུར་འོང་རྒྱུ་མ་ལོན། དབལ་ཤུལ་དཔོན་པོ་འཇིགས་ཐར་ཡང་དགུང་གྲངས་ལྔ་བཅུའི་ནང་སྤྱི་ལོ༡༩༥༨ལོ་ཁྲིམས་ལ་ཁྱེར།༡༩༥༩ལོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཁྲིམས་ཁང་དུ་ཚེ་ཡི་འཕེན་པ་ཟད་ནས་དབལ་ཤུལ་དཔོན་གྱི་བརྒྱུད་པའི་ཕྲེང་བ་ཡང་བསྡུས་ནས་མི་སྣང་ནམ་མཁའི་དབྱིངས་སུ་དག་པར་གྱུར། ད་སྐབས་དབལ་ཤུལ་སྦུབས་ཐ་མར་སྡེ་མོ་དུད་བརྒྱ་དང་སུམ་ཅུ་ལྷག་ཡོད། ཡུལ་ལྷ་གཉན་པོ་གཡུ་རྩེ་དང་སྒོ་སྲུང་བཞི། སྒ་སྣའི་བོན་རྒན་བཅས་ཡུལ་གྱི་སྲུང་མར་བརྟེན་ཡོད། གྲྭ་རྒྱུན་དཔལ་ཡུལ་དགོན་ཆེན་ལ་འགྲོ་བཞིན་འདུག་གོ།

འབྲོག་སྡེ་འདིའི་ཉེ་བརྒྱུད་དཔོན་རབས་ནི། དབལ་ཤུལ་བླ་མ་ཡོངས་གྲགས། དབལ་ཤུལ་ནམ་མཁའ་འབུམ། དེའི་བུ་དབལ་ཤུལ་ལི་ཐུང་མ། དེའི་བུ་དབལ་ཤུལ་མགོན་ཐར་འབུམ་དགུང་ལོ་བརྒྱད་ཅུ་གྱ་བཞི་ལྷག་ལ་བསྡད། དེའི་བུ་དབལ་ཤུལ་འཇིགས་ཐར་དགུང་གྲངས་ལྔ་བཅུ་ལྷག་ལ་བཞུགས་པ་བཅས་སོ།།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་རྩང་ཐང་སྦྲང་མའི་གླུ་དབྱངས་ཞེས་བྱ་བ།

དབལ་ཤུལ་སྦུབས་ཐ་མའི་དཔོན་རབས་དང་འབྲོག་སྡེའི་ལོ་རྒྱུས་ཉུང་བསྡུས་ལས་ཤུལ་དུ་ལྷག་པའི་དུད་ཚང་བཞིའི་ལོ་རྒྱུས་བཤད་པ།

 

དབལ་ཤུལ་སྦུབས་ཐ་མའི་ཤུལ་ཏུ་བསྡད་པ་ནི་རྒྱུ་ཐ། རྗེས་བ། གོས་རྩ། ཨ་འཛི་རྩང་ཉིན་པ་བཅས་ཁྱིམ་དུད་བཞི་ཡོད་ལ་དེ་དག་བླ་མ་ར་ཧོར་ཚང་གི་ལྷ་སྡེ་ངོ་མའི་ལྷག་འཕྲོ་ཡིན་ཟེར་ནས་རྒྱུ་ཐ་དར་འཕྲི་ཅན། རྗེས་བ་དར་འཕྲི་ཅན། གོས་རྩ་དར་འཕྲི་ཅན། རྩང་ཉིན་པ་དར་འཕྲི་ཅན་ཞེས་འཇང་སྒང་བླ་མ་རྒྱ་མཚོའི་རིང་ལ་ར་ཧོར་ཚང་གི་གུར་གར་མོའི་ཆོན་ཆེན་བཞི་ཞེས་བཏག་པས་རབ་བྱུང་ཡིན་ན་ར་ཧོར་ཚང་གི་བླ་ཚབ་དང་མགོན་བླ་བྱེད་སྲོལ་ཡོད་པ་དཔེར་ན་རྒྱུ་ཐ་སྤྲུལ་སྐུ་ཡེ་ཤེས་དར་རྒྱས་ཚང་གི་རྒྱུད་པ་བླ་མ་ཡོངས་གྲགས་དང་སྐུ་མཆོག་སོགས་ལྟ་བུ་དང་ཨ་འཛི་རྩང་ཉིན་པ་ཧོར་མཁན་པོ་ཟླ་མཛོད་ཚང་གི་རྒྱུད་པ་བླ་མ་འགྱུར་མེད་དང་གུ་རུ། དོན་གྲུབ། འགུར་ཁོ་སོགས་ལྟ་བུ། གོས་རྩའི་ཆོས་ཉིད་ཚང་གི་རྒྱུད་པ་མགོན་བླ་རྡོ་རྗེ་དང་ཆོས་མཆོགཆོས་གྲགས་སོགས་ལྟ་བུ། རྗེས་བའི་སྐྱབས་གནས་ཚང་གི་རྒྱུད་པ་བླ་མ་འཁམ་སྐྱབས་དང་གྲུབ་ཐོབ་དབང་ཕྱུག་སོགས་ལྟ་བུའོ།། སྐྱེས་པ་ཡིན་ན་ཆེས་བློན་རལ་བ་ཅན་གྱི་གྲལ་ཏུ་བཞག་ནས་སྡེ་བའི་སྐྱིད་སྡུག་སོགས་ཀྱི་བྱ་བ་སྒྲུབ་སྲོལ་ཡོད་པ་རེད། ད་ལྟ་ཁྱིམ་ཚང་དེ་དག་ལ་དུད་གྲངས་ཉི་ཤུ་ལྷག་ཡོད། ཅེས་པ་འདི་རང་ཉིད་དབལ་ཤུལ་སྦུབས་ཐ་མའི་ལྷ་སྡེ་ནས་ཆད་པ་ཡིན་པའི་ཆ་ནས་ར་ཧོར་ཆོས་འབྱུང་ཆེན་མོ་འབྲི་བའི་ཞོར་དུ་བྲིས་པ་ཡིན། དཔོན་དབལ་ཤུལ་ཡོངས་འཛིན་ཡན་མི་གསལ་བས་དབལ་ཤུལ་རྩང་སྟོད་ཚང་གི་བརྒྱུད་པ་སོར་བཞག་བྱས་ཡོད། ལྷ་སྡེའི་ལོ་རྒྱུས་འདི་རྩང་སྟོད་ཚང་གི་ལོ་རྒྱུས་དང་ལོ་ལོན་རྒན་པོ་མང་པོ། གཞན་སྦུབས་ཐ་མའི་དབལ་ཤུལ་རྒད་པོ་སེང་དཔལ་ལོ་བརྒྱད་ཅུ་རྩ་གཅིག་ལ་ཐོན་སྐབས་འདྲི་གཅོད་བྱས་ནས་ལོ་རྒྱུས་ཉུང་བསྡུས་འདི་ཧོར་བྲག་མགོའི་གཤིས་ཆུ་སྔོན་མོ་གཡས་སུ་འཁོར་བའི་ཁང་བཟང་དུ་ར་ཧོར་བ་དགེ་འདུན་དར་རྒྱས་ནས་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་གི་ལོ་སྟེ་སྤྱི་ལོ༢༠༡༢ལོའི་ཟླ༦ཚེས༥ལ་སྦྱར་བ་དགེ་བར་གྱུར་ཅིག། སརྦ་མངྒ་ལཾ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཤར་པ་ཆོས་འབྱུང་ལས་བྱུང་བའི་མི་ཉག་དང་ལྕགས་ལའི་སྐོར།
  • ལེ་ཚན་རྗེས་མ།:ཞང་བོད་གནའ་བོའི་བསང་ཡིག་གི་ཟུར་ནས་རྙེད་པའི་སྲིད་པའི་ཆོ་རབས་ཐོར་བུ།