ལབ་ཙེའི་སྐོར།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ལས་དྲངས།    2018-03-06

    ལབ་ཙེའི་སྐོར།

   བོད་ཁམས་སུ་ཁྱབ་ཆེ་བའི་ལབ་ཙེ་དེ་ཐོག་མར་ཇི་ལྟར་དར་ཚུལ་ལ། མྱང་སྐྱེ་སྣང་མཛད་རྡོ་རྗེའི་ལབ་ཙེའི་བརྩིགས་ཚུལ་ཞིག་ཏུ་སྲོང་བཙན་གྱི་སྐབས་སུ་བློན་ཆེན་མགར་སྟོང་བཙན་འུན་ཤིང་ཀོང་ཇོ་བསུ་བར་རྒྱ་ནག་ཏུ་གཉེ་བོར་བཏང་བ་ན། མགར་གྱི་གཡོ་འཕྲུལ་ལ་ཀོང་ཇོ་མ་དགྱེས་པར་རྒྱ་ནག་གི་གབ་ཙེ་སྦས་པས་ཉི་ཟླ་གཟའ་སྐར་དུས་ཚོད་སོགས་འཕྱུག་པའི་རྐྱེན་གྱིས་རྒྱ་བོད་གཉིས་སུ་བཀྲ་མི་ཤིས་པ་མང་པོ་བྱུང་། དེ་ལ་རྩིས་མཁན་གཞན་གྱིས་རྩིས་བྱས་པས། དེ་དག་ནི་ཉི་ཟླ་གཟའ་སྐར་དུས་ཚོད་དང་ས་དཔྱད་ཉམས་པའི་སྐྱོན་ཡིན་པས་རི་རྩེར་དཔལ་མཁར་དང་། རི་སྐེད་གོང་གར་ལབ་ཙེ། རི་ཤོད་དུ་མཆོད་རྟེན་འབུམ་ཁང་བརྩིགས་ན་ཡུལ་ཁམས་བཀྲ་ཤིས་པར་ལུང་བསྟན་པ་ལྟར་བསྒྲུབས་པས་རྒྱ་བོད་གཉིས་ཀར་བཀྲ་ཤིས་དང་བདེ་སྐྱིད་བྱུང་ཚུལ་སོགས་བཀོད་པར་བལྟས་ན་གནའ་བོའི་དུས་སུ་བོད་དུ་དར་བ་ཞིག་ཡིན་པ་རྟོགས་སླ་ཞིང་། ཐ་སྙད་ཀྱི་ངེས་ཚིག་ལ་དཔྱད་ན། ལབ་ཙེ་ཞེས་པ་ཞིག་བདག་གི་ཕོ་བྲང་ངམ་རྟེན་མཁར་ཡིན།

ལབ་ཙེའི་སྐོར།

  ལབ་ཙེ་ལ་དབྱེ་ན་ཀྱེ་ཏུ་དང་། ལབ་ཙེ། དཔའ་མཁར་བཅས་རིགས་གསུམ་ཡོད་ཅིང་། རི་ཡི་མགོ་རུ་བརྩིགས་ན་ཀྱེ་ཏུ་དང་། རི་སྐེད་དུ་བརྩིགས་ན་ལབ་ཙེ། མདོ་རུ་བརྩིགས་ན་དཔའ་མཁར་ཟེར། ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོའི༼ལབ་ཙེའི་མཆོད་ཆོག༽ཅིག་ཏུའང་། བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་། འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ། ཕྱུག་པོའི་ལབ་ཙེ་རི་ཤོལ་ཀླུང་དུ་བརྩིགས། ཡུལ་མའི་བཙན་ཕྱུག་འཕན་གསུམ་དར་བར་བྱས། ཞེས་འབྱུང་། སྤྱིར་ལབ་ཙེ་བསྟོད་པ་ནི་ཡུལ་ལྷ་གཞི་བདག་ལ་མཆོད་འབུལ་བྱེད་པའི་འཇིག་རྟེན་པའི་ལྷ་མཆོད་པའི་ཆོས་ལུགས་བྱེད་སྒོ་ཞིག་ཡིན་ཞིང་། ལོ་ལྟར་བོད་ལོ་གསར་པའི་ཚེས་གསུམ་དང་། ཚེས་བཅོ་ལྔ་སོགས་དུས་ངེས་ཅན་ལ་ལབ་ཙེ་བསྟོད་ན་ཡུལ་ལྷ་གཞི་བདག་གིས་ཉིན་མཚན་བྱ་ར་དང་། དགྲ་འགོག་གཉེན་སྐྱོང་སོགས་ལ་སྡོངས་གྲོགས་གཡེལ་མེད་བྱེད་པ་ཡིན་ཟེར། ལབ་རྩེ་ཕལ་ཆེར་རྡོ་ལས་བརྩེགས་པའི་དབྱིབས་གྲུ་བཞི་ནང་སྟོང་དུ་ཡོད་པར་ཤིང་ལས་བཟོས་པའི་མདའ་མདུང་གྲི་གསུམ། བྱ་གག་གི་སྤུས་བརྒྱན་པའི་སྲུང་ཤིང་། རྒྱལ་མཚན་རྩེ་མོ་དང་རླུང་རྟ་སོགས་དར་ལྕོག་གིས་བརྒྱན་པར་ཁ་ཅིག་ནི་རྩེ་མོ་རལ་གྲི་དང་མདུང་མགོ་བྱས་པ་ལ་སྐེད་དུ་རྒྱལ་མཚན་བཏགས་པ་ནི་དཔུང་གི་རུ་དར་གྱི་དོད་བྱས་པ་སྣང་ངོ་།།

   ལབ་ཙེ་རྒྱས་གྲས་ཀྱི་རྩིག་ངོས་སུ་བུམ་གཏེར་སོགས་འཇོག་སྲོལ་ཡོད་ལ། དེ་ལའང་བཙན་མཁར་དང་། ཐེའུ་རང་གི་ཐེའུ་མཁར། ཆུ་མིག་དང་མཚོ་ཁར་ཀླུ་མཁར་སོགས་ཡོད་ཅིང་། དེའི་བུམ་གཏེར་དང་། མཆོད་རྫས། མཆོད་འབུམ་བཅས་ལ་རང་རང་གི་ཁྱད་ཆོས་ལྡན་པའི་ཆོ་ག་ཡོད་དོ།།


  • ལེ་ཚན་སྔོན་མ།:སོ་ནམ་ལས་ཀ་དང་འབྲེལ་བའི་བཤད་པ།
  • ལེ་ཚན་རྗེས་མ།:ཧོར་བྲག་མགོའི་ཡུལ་དུ་ཞིང་རྨོ་སྐབས་ཐོག་ལྷ་བརྟེན་པའི་ཆོ་ག་རྙིང་བ།