ཧོར་བྲག་མགོའི་ཡུལ་དུ་ཞིང་རྨོ་སྐབས་ཐོག་ལྷ་བརྟེན་པའི་ཆོ་ག་རྙིང་བ།

ར་ཧོར་བ་དགེ་འདུན་དར་རྒྱས་ཀྱིས་བྲིས།        2018-05-07

   

ཧོར་བྲག་མགོའི་ཡུལ་དུ་ཞིང་རྨོ་སྐབས་ཐོག་ལྷ་བརྟེན་པའི་ཆོ་ག་རྙིང་བ།


  ཧོར་བྲག་མགོའི་ཡུལ་གྱི་རོང་པ་རྣམས་ལ་ཞིང་ལས་རིག་གནས་ཀྱི་ལོ་རྒྱུས་ཧ་ཅང་རིང་ཞིང་ད་བར་དུ་གནའ་བོའི་སྲོལ་རྒྱུན་གྱི་ཞིང་རྨོ་བའི་མཆོད་འབུལ་ཆོ་ག་ངོ་མཚར་བ་ཞིག་ཆགས་ཡོད་པ་རེད། ཁོ་ཚོས་ལོ་རེའི་ཧོར་ཟླ་དང་པོའི་ཚེས་ཉེར་དགུའི་སྔ་མོ་ནམ་མ་གསལ་གོང་ཁྱིམ་མི་རྣམས་རང་རང་གི་ཆེས་བཟང་ཤོས་ཀྱི་ས་ཞིང་དུ་སོང་ནས་ཞིང་དཀྱིལ་ཏུ་ཐོག་ལྷ་ཡིན་ཟེར་བའི་རྡོ་དཀར་པོ་ཞིག་འཇོག་དགོས། དེའི་ཟུར་དུ་ཤུག་པ་ལ་ལུག་བལ་དཀར་པོས་བརྒྱན་ནས་བཙུགས། བདག་པོ་དེའི་ཕྱོགས་སུ་འཁོར་ནས་ཞོག་ཁོག་གམ་ཉུང་མ། ཡང་ན་ལ་ཕུག་གི་ནང་སྟོང་པ་བཟོས་པའི་སྒྲོན་མེ་སྦར། ཇ་ཕུད་དང་ཆང་ཕུད་མཆོད། བསང་རྫས་དང་བཅས་བསང་གཏོང་།

ཧོར་བྲག་མགོའི་ཡུལ་དུ་ཞིང་རྨོ་སྐབས་ཐོག་ལྷ་བརྟེན་པའི་ཆོ་ག་རྙིང་བ།

   ནས་སོགས་འབྲུ་རིགས་དཀར་ནག་ཁྲ་གསུམ་མཆོད། པེར་གོར་སོགས་ཟས་རིགས་ཀྱིས་ཐོག་ལྷ་ལ་མཆོད་པ་འབུལ་བ་དང་ཁ་སྨོན་གཏོང་། ལོ་གཅིག་གི་རིང་སད་སེར་སོགས་གནོད་འཚེ་མི་འབྱུང་བའི་ཆེད་དུ་རྩམ་པ་དང་པེར་གོར་སོགས་བཟའ་བཅའི་རིགས་ཀྱིས་གསུར་གཏོང་། ཁོ་ཚོ་ཡང་དེར་བསྡད་དེ་པེར་གོར་ལ་རོལ། ༼ པེར་གོར་ནི་བག་ལེབ་ཀྱི་ནང་དུ་ཟོག་ཚིལ་གྱིས་ལོ་སྐྱུར་བརྔོས་ནས་རྩམ་པ་སོགས་ཡོད་པའི་གོར་བ་ལ་ཟེར།༽ ཉིན་གཅིག་གི་སྔོན་དུ་གཟའ་དཔོན་གྱིས་ཁྱིམ་མི་མང་ཉུང་ལ་གཞལ་པས་ལྷག་མ་འགའ་ཡོད་པའི་པེར་གོར་བཟོ་དགོས། རྩམ་པ་དང་པེར་གོར་གྱི་གསུར་བསྲེགས་ཚར་རྗེས་ཡང་ཐོག་ལྷའི་མཐའ་འཁོར་དུ་ས་བསྐོས་ནས་འབྲུ་རིགས་སྣ་ཚོགས་ཀྱི་ས་བོན་འདེབས་དགོས། 

ཧོར་བྲག་མགོའི་ཡུལ་དུ་ཞིང་རྨོ་སྐབས་ཐོག་ལྷ་བརྟེན་པའི་ཆོ་ག་རྙིང་བ།

  དེ་ནས་ཡང་མི་རྣམས་ཇ་བསྐོལ་སར་བསྡད་པས་ཇ་བཏུང་བ་དང་ཟས་ལ་རོལ་དགོས། འདི་ནི་ལོ་གསར་པའི་ནང་ཁྱིམ་མི་ཡོངས་བདེ་ཞིང་སྐྱིད་པོ་འོང་བ་མཚོན་པའི་རྟེན་འབྲེལ་ཡིན་པ་རེད། ཆོ་ག་དེ་མ་ཚར་གོང་གལ་སྲིད་མི་གཞན་པ་དང་འཕྲད་ན་སྐད་ཆ་མི་བཤད། བཤད་ཤོར་ན་ཐོག་མི་ལེགས་པ་དང་ཁ་ལས་མི་དགེ་བས་སད་སེར་སོགས་གནོད་པ་འོང་བས་ཐམས་ཅད་ཀྱིས་ཧ་ཅང་འཛེམ་སྲོལ་ཡོད། དེའི་ཉིན་ཐག་ཉེ་སར་ཞིང་ནང་དུ་ཁྱིམ་ཚང་གཉིས་སོགས་ཀྱིས་དུས་མཉམ་དུ་ཞིང་རྨོ་བའི་ཆོ་ག་འདི་སྤེལ་བཞིན་ཡོད་ན་ཡང་ཕན་ཚུན་སྐད་ཆ་མི་བཤད།

  ཞིང་ནང་གི་ཐོག་ལྷའི་ཆོ་ག་དེ་ཚར་རྗེས་མྱུར་དུ་རང་ཁྱིམ་ལ་ལོག་པས་ཉིན་གཅིག་གི་ནང་ལོ་གཅིག་ལ་བསོགས་པའི་ལུད་རྣམས་ཞིང་ནང་དུ་སྐྱེལ་ཚར་བ་བྱ། དེ་ནས་ལུད་བླངས་པའི་ཤུལ་དུ་ལོ་སྔོན་མའི་གྲོ་ནས་ཀྱི་སོག་མ་གཏོར་དགོས། དགོང་ཟས་ཟ་སྐབས་གཟའ་མི་རྣམས་ཀྱིས་དང་པོ་པེར་གོར་ཟ་བ་དང་དེ་ནས་རིམ་བཞིན་ཟས་གཞན་པ་ཟ། ཞིང་རྨོ་བའི་མཆོད་འབུལ་རིག་གནས་ཀྱི་ཆོ་ག་འདི་ནི་ཧོར་བྲག་མགོའི་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང་གནའ་སྲོལ་རྙིང་བ་ཞིག་ཀྱང་ཡིན་པས་ཁོ་ཚོས་ད་བར་དུ་བརྒྱུད་འཛིན་བྱས་དང་བྱེད་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ལབ་ཙེའི་སྐོར།
  • ལེ་ཚན་རྗེས་མ།:བོད་རིགས་ཀྱི་སྲོལ་རྒྱུན་སྡོད་ཁང་སྐྲུན་སྐབས་འཛེམས་བྱའི་སྐོར།