ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདེ་སྐྱིད་འཚོའི་གནས་ཚུལ་ཆེད་བཀོད།

ཚེ་དཔལ་།        2016-12-02

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདེ་སྐྱིད་འཚོའི་གནས་ཚུལ་ཆེད་བཀོད།

འཇིག་རྟེན་འདིའི་ཚེ་སྲོག་རེ་རེ་ཡི་བདེ་སྐྱིད་དང་སྡུག་བསྔལ། སྐྱེ་འཇིག་དང་བྱམས་བརྩེ། བརྩེ་དུང་སོགས་ནི་ང་ཚོའི་མི་ཚེའི་གོ་རིམ་ཁྲོད་བསྐྱར་དུ་མྱོང་ཐུབ་མེད་པའི་ཚོར་ཤེས་དང་དཔྱོད་ཤེས་ལས་གྲུབ་པའི་རྟོག་སྣང་རེ་རེ་ལགས།  ཤུགས་དྲག་པའི་ཚོར་ཤེས་ཀྱི་ངོས་འཛིན་ལས་ང་ཚོས་བསམ་པའི་ལོངས་སྤྱོད་ཀྱི་བསྟི་གནས་ཤིག་འཚོལ་སྙེག་དང་རྒས་ཁོགས་སུ་འགྱུར་བཞིན་པའི་ནང་སེམས་ལ་བྱི་དོར། ཆགས་སྡང་གིས་བསླངས་པའི་ངལ་དུབ་ལ་ཕྱིར་རྟོག་བྱས་ཏེ་དགའ་སྐྱོ་དང་ཕུགས་བསམ།  རེ་སྒུག་དང་ཡིད་ཆེས།  ཐོབ་ཤོར་དང་རྒྱལ་ཕམ་གྱིས་གྲུབ་པའི་མི་ཚེ་འདིའི་བསམ་སྤྱོད་རེ་རེར་བསམ་གཞིག་དང་འཚོལ་ཞིབ་བྱ་རྒྱུ་ནི་དེང་རབས་ཀྱི་ང་ཚོ་དང་ལྷག་པར་ན་གཞོན་རྩོམ་པོ་པོ་དག་གི་མཛེས་དཔྱོད་ཀྱིས་འཚོལ་ཞིབ་དང་དོ་སྣང་བྱ་ཡུལ་གལ་ཆེན་ཞིག་ཏུ་འཁུམས། འདི་ནི་ཁོ་མོས་དེང་རབས་རྩོམ་པ་པོ་དག་ལ་བཏོན་པའི་རེ་བ་དང་ཁོ་མོས་རྩོམ་རིག་དཔྱད་བརྗོད་ཁྲོད་འཚོལ་སྙེག་བྱེད་བཞིན་པའི་རྩོམ་རིག་གི་མཛེས་པ་ལགས།

ཆེད་ལས་དཔྱད་བརྗོད་པ་དག་དང་མི་མཚུངས་པ་ནི་ཁོ་མོས་བྲིས་པའི་དཔྱད་རྩོམ་དག་གི་ཆེས་མཐར་ཐུག་གི་དམིགས་ཡུལ་ལ་འགྱུར་བ་ཆེན་པོ་མེད་པ་པ་དང་། བོད་ཀྱི་རྩོམ་རིག་དང་བར་ཐག་རིང་བའི་གཞུང་ལུགས་ཀྱི་སྤྲོས་བརྗོད་བྲལ་བ་དེ་རེད། ཁོ་མོས་ལོ་ངོ་ཉི་ཤུའི་རིང་གི་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་གོ་རིམ་ཁྲོད་ངེས་གཏན་གྱི་འཚོལ་སྙེག་ཅིག་རྒྱུན་འཁྱོངས་བྱས་ཡོད་དེ། དེ་ནི་གཏན་འཇགས་རང་བཞིན་གྱི་མཛེས་དཔྱོད་ཀྱི་འཚོལ་སྙེག་དང་གཏིང་མཐའ་བྲལ་བའི་མི་རིགས་ཀྱི་བརྩེ་དུང་། ཁ་གསལ་ལ་གོ་བདེ་བའི་ལྷུག་བརྗོད་ཀྱི་ཁྱད་ཆོས་བཅས་སོ།། ཁོ་མོས་ནམ་རྒྱུན་རྩོམ་རིག་དཔྱད་བརྗོད་ཀྱི་ངོ་བར་གྱུར་བའི་ཀུན་སྤྱོད་དང་མི་ཆོས་ལ་ཡིད་རྟོན་བྱས་ཏེ་དཔྱད་བརྗོད་སྤེལ་བའི་བརྩམས་ཆོས་དེ་དག་གི་རྩོམ་པ་པོ་དག་དང་ལྷན་དུ་མཐོ་སྒང་འདིའི་འཆར་ཡན་གྱིས་ཕྱུག་པའི་རི་ཆུའི་མཛེས་སྡུག་དང་། ཕྱིར་དྲན་གྱི་ཀློང་ན་ཡལ་མ་མྱོང་བའི་ཕ་ཡུལ་དང་ཁྱིམ་གཞིས། བརྩེ་བ། དེ་མིན་ཆེས་སྤྱིར་བཏང་གི་གཏམ་རྒྱུད་དག་ལས་མངོན་པའི་བབ་ཆགས་ཤིང་བདེན་དོན་གྱིས་བརྟས་པའི་འཚོ་བར་མྱོང་རོལ་བྱེད་པར་སྤྲོ། དོན་དུ་འཚོ་བར་དཀྱེལ་ཡངས་ཀྱི་བློ་ཁོག་མངའ་ཞིང་གུས་ལུགས་དང་དྲིན་ཚོར་ལྡན་པའི་མི་བུ་དག་དང་། དྲང་བདེན་ལ་གཞོལ་ཞིང་རེ་འདུན་གྱི་མཁའ་དབྱིངས་ལ་མཛེས་སྡུག་གི་རི་མོ་འབྲི་མཁན་གྱི་མི་བུ་དག་ནི་ཁོ་མོའི་འཚོལ་སྙེག་གི་ལམ་ཁའི་སྡོང་གྲོགས་རེ་རེ་ཡིན་ངེས།

ད་ནི་ཁོ་མོའི་སློབ་གཉེར་དང་ལས་དོན་གྱི་བཞུད་ལམ་ངོ་སྤྲོད་མདོར་ཙམ་བྱེད་པར་བྱ། དགེ་རྒན་ཆེན་མོ་བདེ་སྐྱིད་འཚོ་ནི་སྤྱི་ལོ1963ལོའི་ཟླ8པར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་དུ་སྐྱེས་ཤིང་། ཕ་མ་གཉིས་དང་ལྷན་དུ་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་གི་ཉེ་འགྲམ་དུ་འཚོ་བ་བསྐྱལ་བའི་ལོ་ཟླ་དེ་དག་ནི་ཁོ་མོར་མཚོན་ན་དྲན་འཛིན་གྱི་མེ་ལོང་ངོས་སུ་ནམ་ཡང་གསབ་ཏུ་མེད་པའི་ཆེས་མཛེས་སྡུག་གི་ཕྱིར་དྲན་ཡིན་ལ། སྐབས་ཐོག་དེའི་བླ་བྲང་དགོན་པ་ནི་ངལ་དུབ་ཀྱིས་གཟིར་བའི་སྐྱེས་ཆེན་ཞིག་དང་འདྲ་བར་ལྷིང་འཇགས་སུ་གནས་ཤིང་། ཞིག་རུལ་ཏུ་གྱུར་བའི་གྲྭ་ཤག་དག་དང་གས་ཁ་ཤོར་བའི་སོ་ཕག་དག་ནི་གོ་རིམ་མེད་པར་མཁས་ཆེན་དག་གི་རྣམ་དཔྱོད་ཀྱི་འོད་ཟེར་འཕྲོ་སའི་དགོན་སྡེའི་འདིའི་བར་ཁྱམས་སུ་ལུས་འདུག   ནམ་རྒྱུན་ཨ་ཕ་དགོང་མོར་ཁྱིམ་དུ་ལོག་རྗེས་གཟབ་ནན་གྱིས་ཁོ་མོའི་ལས་བྱར་ཞིབ་བཤེར་དང་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས་པའི་སྐུལ་མ་གཏོང་ངེས། ནར་སོན་གྱི་ལོ་ཟླ་དེ་དག་ཏུ་ཁོ་མོ་དང་མཉམ་དུ་དགའ་སྤྲོའི་དགོད་སྒྲ་རླུང་ལ་བསྐུར་མྱོང་བའི་གྲོགས་པོ་ཆུང་ཆུང་དེ་དག་དང་ཚོགས་ཆེན་འདུ་ཁང་གི་བར་ཁྱམས་སུ་འཕུར་ལྡིང་བྱེད་བཞིན་པའི་ཕུག་རོན་གྱི་ཁྱུ་ཚོགས། དེ་མིན་ཉེ་འགྲམ་ན་རྒྱུན་དུ་སྒོ་དམ་པོར་གཏན་འདུག་པའི་འདུ་ཁང་ཆེན་པོ་དེའི་ནང་དུ་སྐབས་ལ་ལར་སྒོར་བུད་དེ་སེར་མདོག་གི་མེ་ཏོག་ཚོམ་བུ་ཞིག་སྐས་རྐང་སྟེང་འཇོག་སྲིད་པའི་གྲྭ་ལྭ་གྱོན་མེད་པའི་རྒན་པོ་བཅས་ནི་ཁོ་མོའི་བྱིས་བློར་ཕབ་པའི་འཆར་ཡན་གྱི་རི་མོ་རེ་རེ་ལགས།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདེ་སྐྱིད་འཚོའི་གནས་ཚུལ་ཆེད་བཀོད།

སྤྱི་ལོ1980ལོར་ཁོ་མོ་ནུབ་བྱང་མི་རིགས་སློབ་གླིང(དེང་དུས་ཀྱི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།)དུ་རྒྱུགས་འཕྲོད། སློབ་སྦྱོང་གི་སྐས་རིམ་གསར་པ་ཞིག་ལ་བསྙེག་པའི་དགའ་སྤྲོ་དང་བསྡོངས་ཏེ་ཁོ་མོར་སེམས་ཁྲལ་གཞན་ཞིག་ལྷགས་ཡོང་བ་ནི་བོད་ཡིག་གི་རྨང་གཞི་ཞན་པ་དེ་རེད། ཁོ་མོར་ཆ་མཚོན་ན་ཆུང་དུས་ནས་རྒྱ་ཡིག་སློབ་གྲྭར་འགྲིམས་པས་ཡོད་ཚད་རྨང་གཞི་ནས་འགོ་བརྩམས་དགོས་འདུག  ནུབ་བྱང་མི་རིགས་སློབ་གླིང་ནི་ཨ་ཕས་ཁོ་མོའི་ཚབ་ཏུ་བདམས་པའི་གདམ་གསེས་ཤིག་ཡིན་ལ། དེ་ནི་ཕ་བསམ་བློ་ཅན་ཞིག་གི་ཁོ་མོར་བསྟན་པའི་མི་ཚེ་བགྲོད་ལམ་ཞིག་དང་མི་བུ་སྒལ་ཚིགས་ཅན་ཞིག་གི་རང་གི་བུ་མོར་གདམས་པའི་སློབ་སྟོན་ཡིན་ངེས།  སྐབས་དེར་འཛིན་གྲྭའི་ནང་བོད་སྐད་བཤད་ཤེས་མཁན་གྱིས་སློབ་མ་ལྔ་དྲུག་ཙམ་ལས་མེད་པས་ཁོ་མོའི་སློབ་སྦྱོང་གི་རྗེས་མི་ཆོད་པའི་སེམས་ཁྲལ་དེ་རེ་ཞི་ཞི་འཇགས་སུ་གྱུར། ཁོ་མོས་བོད་ཡིག་གི་སྦྱོར་ཀློག་ནས་འགོ་བརྩམས་ཏེ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་བརྩོན་མཐར་ཁོ་མོའི་སྦྱངས་འབྲས་ཡར་ངོས་ཟླ་ལྟར་འཕེལ། སློབ་ཆེན་གྱི་ལོ་ངོ་བཞི་ནི་བརྩོན་འགྲུས་དང་ཡར་ཐོན། གྲུབ་འབྲས་དང་རེ་བས་གྲུབ་པའི་ལོ་ངོ་ལོ་བཞི་ཡིན་ཞིང་། ལོ་ངོ་བཞིའི་རྗེས་སུ་ཁོ་མོས་འཛིན་གྲྭ་ཡོངས་ལས་ཨང་དང་པོའི་སྦྱངས་འབྲས་བླངས་ཏེ་སློབ་མཐར་ཕྱིན།

སྤྱི་ལོ1984ལོ་ནས1993ལོའི་བར་ཁོ་མོས་ཀན་ལྷོ་ཁུལ་སྲིད་གཞུང་ཡིག་སྒྱུར་ཅུས་ནས་དཔེ་རྙིང་བསྡུ་སྒྲིག་དང་ལོ་ཙཱའི་ལས་ཀ་གཉེར། ཁོ་མོས་བོད་ཡིག་གི་དཔེ་རྙིང་ཡིག་ཆའི་དཀར་ཆག་ཡིག་སྒྱུར་དང་ཁུལ་ཡོངས་ཀྱི་བོད་སྐད་ཡིག་ཁྱབ་གདལ་གྱི་རྟོག་ཞིབ། ཚོགས་ཆེན་གཉིས་ཀྱི་ཡིག་ཆ་ཡིག་སྒྱུར་དང་ངག་སྒྱུར་སོགས་ཀྱི་ལས་ཀར་བརྩོན། དེ་མིན་ད་དུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་རྩོམ་སྒྲིག་ལས་ཀར་ཞུགས་པར་མ་ཟད། ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཡིག་ཆའི་ལོ་ཙཱའི་ལས་ཀ་བསྒྲུབས།  བྱ་བའི་བྲེལ་འཚུབ་ཀྱི་བར་གསེང་ནས་ཁོ་མོས་རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་སྙན་ངག་དང་ལྷུག་རྩོམ་ཁག་ཅིག་རྒྱ་ཡིག་ཏུ་བསྒྱུར་བ་དང་། དེ་དག་ལས《རྐང་ལམ་ཕྲ་མོ།》དང《དྲི་བཞོན་བུ་མོ།》རྒྱ་ཡིག་ཏུ་བསྒྱུར་བར་ཀློག་པ་པོ་མང་པོའི་དགའ་བསུ་ཆེན་པོ་ཐོབ། དེ་མིན་ཁོ་མོས་གཞན་དང་མཉམ་འབྲེལ་གྱིས་རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་གྱི་ཐང་མ།》བསྒྱུར་བར་མ་ཟད།《བོད་ལྗོངས་རྩོམ་རིག》དང《བོད་ལྗོངས་ཞིབ་འཇུག》《སྐལ་བཟང་མེ་ཏོག》སོགས་གཞུང་སྒེར་གང་རུང་གི་དུས་དེབ་སྟེང་རིག་གཞུང་དཔྱད་རྩོམ་མང་པོ་སྤེལ། བར་སྐབས་དེའི་སྦྱོང་བརྡར་གྱིས་ཁོ་མོའི་རྗེས་ཕྱོགས་ཀྱི་མི་རིགས་རྩོམ་རིག་གི་ཞིབ་འཇུག་དང་གནའ་དཔེ་ལོ་ཙཱར་རྨང་གཞི་བརྟན་པོ་བཏིངས་པ་རེད།

སྤྱི་ལོ1986ལོ་ནས1988ལོའི་བར། ལས་ཁུངས་ཀྱིས་ཁོ་མོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་དུ་མངགས་ཤིང་སྐབས་དེར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་རྒྱལ་ཡོངས་ཀྱི་སྐབས་དང་པོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བསྡུ་སྒྲིག་གི་ཟབ་སྦྱོང་འཛིན་གྲྭ་བསྡུས། པེ་ཅིང་དུ་ཟབ་སྦྱོང་བྱས་པའི་ལོ་ངོ་གཉིས་ཀྱི་རིང་ལ་ཁོ་མོས་མ་ལག་ཚང་བའི་སྒོ་ནས་མི་རིགས་གནའ་དཔེ་ཡིག་ཚགས་བསྡུ་སྒྲིག་དང་རྒྱ་བོད་ལོ་ཙཱ། མི་རིགས་རིག་པ། པར་ཞུ་དཔྱད་བསྡུར་རིག་པ། དཀར་ཆག་རིག་པ་དང་ལོ་རྒྱུས་ཡིག་ཚགས་རིག་པ་སོགས་རིག་པའི་གཞུང་ལུགས་དག་ལ་བུང་བ་པད་ཚལ་དང་ངང་བ་མཚོ་འཇུག་ལྟར་སྦྱངས་བརྩོན་ལྷོད་མེད་གནང་།

སྤྱི་ལོ1993ལོའི་ཟླ8པར། ཁོ་མོ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ལས་བསྒོས་བྱས་ཏེ་སློབ་གྲྭ་དེ་གར་རྩོམ་རིག་ཞིབ་འཇུག་དང་སློབ་གསོའི་ལས་ཀར་འབད། སློབ་ཁྲིད་ཀྱི་ཞོར་དུ་སྔ་རྗེས་སུ《སི་ཁྲོན་བོད་ཁུལ་གྱི་རིག་གནས་སྒྱུ་རྩལ།》དང་《རིགས་ཚོའི་མཉམ་འགུལ་དང་སྣ་མང་གསར་གཏོད།》(གཞན་དང་མཉམ་དུ་བརྩམས། )《བོད་ཀྱི་ཀུན་སྤྱོད་ཞིབ་འཇུག》《དེང་རབས་བོད་རིགས་རྩོམ་པ་པོའི་སེམས་ཀྱི་འགྲུལ་བཞུད།》《དེང་རབས་བོད་རིགས་རྩོམ་པ་པོའི་སྐད་གཉིས་ཀྱི་གསར་རྩོམ་ཞིབ་འཇུག》《བོད་ཀྱི་ལོ་རྒྱུས་གནད་བསྡུས།》《 ཀན་ལྷོའི་དེང་རབས་རིག་གནས་པའི་མཚན་ཐོ།》བཅས་རིག་གཞུང་ཆེད་དེབ་བདུན་དང་། 《དེང་རབས་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་བདམས་དཔྱད།》དང《བོད་ཀྱི་དེང་རབས་རྩོམ་རིག་གི་ངོ་སྤྲོད་དང་དགག་སྒྲུབ།》བཅས་བསླབ་དེབ་གཉིས་བརྩམས་གནང་མཛད། ཀྲུང་གོའི་དེང་རབས་རྩོམ་རིག་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་རྩོམ་རིག་གི་དཔྱད་བརྗོད་མེད་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་ལོ་རབས་བརྒྱད་ཅུའི་ནང་གི་བོད་ཀྱི་རྩོམ་སྟེགས་སྟེང་གྲུབ་འབྲས་འབུར་དུ་ཐོན་བའི་རྩོམ་པ་པོ་བཅུ་བདམས་ནས་དེ་དག་གི་བརྩམས་ཆོས་ལ་དཔྱད་བརྗོད་སྤེལ། སློབ་ཁྲིད་དང་རྩོམ་རིག་ཞིབ་འཇུག་གི་ཞོར་དུ་ཁོ་མོས་རྙིང་མ་བའི་བསྟན་བཅོས《ཀློང་ཆེན་རབ་འབྱམས་པའི་གྲུབ་མཐའ་མཛོད།》ལོ་ཙཱ་བྱས་པར་མ་ཟད། 《བོད་ལྗོངས་ཞིབ་འཇུག》དང《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག》《ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》《ཀྲུང་གོ་བོད་རིག་པ།》སོགས་རིག་གཞུང་དུས་དེབ་སྟེང་《ཨ་ལེ་དང་ཉེ་བར་བཅར་བ།》དང་《སྣ་མང་རིག་གནས་དང་བོད་ཀྱི་ཕ་སྐད་རྩོམ་རིག》《དགག་སྒྲུབ་དང་བསྐྱར་བསྐྲུན།》《<གཏམ་པད་མའི་ཟློས་གར།>གྱིས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན།》《བོད་ཀྱི་ཕ་སྐད་རྩོམ་རིག་གི་བསྐྱར་དཔྱད།》སོགས་རིག་གཞུང་དཔྱད་རྩོམ40ལྷག་སྤེལ་བ་དང་། མིག་སྔར་རྒྱལ་ཁབ་སྤྱི་ཚོགས་ཐེབས་རྩའི《དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ།》ཞེས་པའི་འགྲེལ་ཆེན་ལོ་ཙཱའི་ལས་གཞིར་གཙོ་སྐྱོང་གནང་བཞིན་མཆིས། ཁོ་མོ་སྔ་རྗེས་སུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཉིས་དང་ཞིང་ཆེན་རིམ་པའི་ལས་གཞི་ལྔར་ཟབ་ཞུགས་བྱས་ཤིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་དང་གྲངས་ཉུང་མི་རིགས་རྩོམ་རིག་དཔྱད་བརྗོད་ཀྱི་ཕུལ་བྱུང་བྱ་དགའ། སི་ཁྲོན་ཞིང་ཆེན་སློབ་གསོ་བཅོས་བསྒྱུར་ལས་གཞིའི་ཨང་དང་པོའི་བྱ་དགའ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁྲིད་སྤུས་ལེགས་དཔྱད་བདམས་ཁྲོད་ཨང་གཉིས་པའི་བྱ་དགའ། སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་སོགས་ཀྱི་གཟེངས་བསྟོད་ཐོབ་པར་མ་ཟད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་དགེ་རྒན་གྲགས་ཅན་དུའང་བདམས་ཐོན་བྱུང་།

དོན་དམ་གྱི་སློབ་གསོ་ནི་བརྩེ་བའི་སློབ་གསོ་ཡིན་ཏེ་སློབ་མ་ཚོར་ཚེ་སྲོག་ལ་གཅེས་འཛིན་དང་རིག་གནས་རང་སྟེང་གི་མཛེས་པ་ཚོར་བ། མི་གཤིས་ཀྱི་གཏིང་རིམ་ན་བག་ལ་ཞ་བའི་དགེ་བ་མཐོང་དུ་འཇུག་པ་ནི་སློབ་གསོའི་ཆེས་མཐར་མཐུག་གི་དམིགས་ཡུལ་ཡིན་ཞེས་པ་ནི། དགེ་རྒན་བདེ་སྐྱིད་འཚོས་རང་ཉིད་ཀྱི་ལས་ཀར་བཟུང་བའི་རྣམ་འགྱུར་དང་སློབ་གསོའི་ངོས་འཛིན་ལགས།   ཁོ་མོའི་གཏམ་སྤྱོད་ལས་ང་ཚོས་སློབ་གསོའི་དྲོད་ཁོལ་དེ་མྱོང་ཐུབ་ལ་བློ་སྤོབས་དང་དྲིན་ཚོར་གྱིས་བརྟས་པའི་སྟོབས་ཤུགས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་ཚོར་ཐུབ་ངེས།  གལ་ཏེ་མི་ཞིག་གིས་དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་དང་ཕྱིར་རྟོག་གི་རྣམ་འགྱུར་གྱིས་རང་སེམས་ལ་བྱི་དོར་དང་རིག་གནས་རང་སྟེང་གི་བདེན་དགེ་མཛེས་གསུམ་ལ་ངོས་འཛིན་བྱ་ཐུབ་ཚེ་ང་ཚོས་འུ་ཅག་རྒྱུན་མཚན་ཅིའི་ཕྱིར་ལམ་དུ་ཆས་པར་ལན་རྙིད་སྲིད། འདི་ནི་ཁོ་མོའི་སེམས་ཁོང་དུ་ཕུར་ཚུགས་སུ་གནས་པའི་དད་ཞེན་དང་ལངས་ཕྱོགས་ཤིག་ཡིན་ཞིང་། འཚོ་བ་དང་རྩོམ་རིག་ལ་བཅངས་པའི་དད་ཞེན་འདི་ལས་ཁོ་མོའི་ཚེ་སྲོག་གི་ལྟ་བ་དང་རིག་གནས་ཀྱི་ལྟ་བ་མངོན་ཡོད་ངེས། ངའི་སྙིང་དུ་སྡུག་པའི་ཀློག་པ་པོ་ལགས། ང་ཚོས་དྲོད་ཁོལ་གྱིས་ཕྱུག་པའི་དད་ཞེན་འདི་དགེ་རྒན་བདེ་སྐྱིད་འཚོ་དང་གཏན་དུ་མི་འབྲལ་བའི་སྨོན་འདུན་ཞུ།།

  • ལེ་ཚན་སྔོན་མ།:གནའ་དེང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་པའི་དེད་དཔོན་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱི་མཛད་འཕྲིན་རགས་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།