བོད་བཙན་པོའི་དུས་ཀྱི་ཁྲིམས་སྲོལ་ཁོད་སུམ་ཅུ་སོ་དྲུག་ངོ་སྤྲོད།(2)

        2010-08-31


༣.བྲན་གཡོག་དམག་ཏུ་མི་བཀོལ་ཞིང་བུད་མེད་ཀྱིས་སྲིད་དབང་ལ་ཐེ་ཇུས་མི་བྱེད་པ་ཁེང་རྒོད་དུ་མི་གཏོང་ཞིང་མོ་བཙུན་བཀའ་ལ་མི་གདགས་པ། ༤.མཐའ་བཞིའི་ས་མཚམས་སྲུང་བ་དང་འབངས་ཀྱི་ཞིང་ལས་ཐོན་སྐྱེད་ལ་མི་འཚེ་བར་བྱེད་པའི་ས་མཚམས་སྲུང་ཞིང་འབངས་ཀྱི་ཚལ་ཞིང་རྟ་དཀྱུས་ཀྱིས་མི་གཅོད་པ། ༥.ཕྱིའི་དགྲ་བོ་རྣམས་མ་ལུས་པར་འདུལ་དགོས་པ་དང་ནང་དུ་འབངས་ཀྱི་འཚོ་ཚིས་ལ་ལྟ་སྐྱོང་སོགས་འབངས་རྣམས་བདེ་བར་སྐྱོང་དགོས་པ་ཕྱིའི་དགྲ་འདུལ་ཞིང་འབངས་སྐྱོང་བ། ༦.འབངས་རྣམས་ཀྱིས་དུས་རྟག་ཏུ་དགེ་བ་ལས་མི་དགེ་བ་མི་བྱེད་པར་དགེ་བཅུ་སྒྲུབ་ཅིང་མི་དགེ་བ་བཅུ་སྤོང་གི་ཁྲིམས་དང་དྲུག་གོ །
   གསུམ་པ་ཡིག་ཚངས་དྲུག་ལ་སྐབས་དེའི་བློན་པོ་སོགས་ཀྱི་གོ་གནས་ཆེ་ཆུང་དང་བྱས་རྗེས་ཅན་ལ་གཟེངས་སུ་བསྟོད་པ་སོགས་འདུས་པ་ཡིན་ཏེ། དེ་དག་ནི། རབ་གསེར་གཡུ་གཉིས། འབྲིང་དངུལ་ཕྲ་མེན། ཐ་མ་ཟངས་ཡིག་དང་ལྕགས་ཏེ་དྲུག་པོ་འདི་ཡིན་ལ། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས། དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ། དགུང་བློན་འབྲིང་དང་ནང་བློན་ཆེན་པོར་གཡུ་ཡིག་ཆུང་ངུ་། དགུང་བློན་ཐ་ཆུང་དང་ནང་བློན་འབྲིང་། བཀའ་བློན་ཆེན་པོ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་ལ་ཕྲ་མེན། ཆོས་གྲྭའི་སློབ་དཔོན་དང་སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ། སྐུ་འཚོ་བའི་བོན་པོ། གཟིམ་མལ་རྩིག་མཁན། བྱང་ཐང་གི་ས་མཁན། མཐའི་སོ་ཁ་སྲུང་བ། སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ་སྟོང་དཔོན་རུ་དཔོན་སོགས་ཟངས་ཡིག གཡུལ་དུ་དཔའ་བ་ལ་ལྕགས་ཡིག ཡང་ཐ་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ལ་བྲིས་ཏེ་འབངས་ཕལ་བ་རྣམས་ལ་གནང་སྐད་དོ་ཞེས་པ་ལྟར་ཡིན་ནོ། །
   བཞི་བ་བཀའ་ཡི་ཕྱག་རྒྱ་དྲུག་ལ་རྒྱལ་པོས་ཆབ་སྲིད་སྐྱོང་སྐབས་མཛད་རྗེས་བསུབ་ཏུ་མེད་པ་རྣམས་ཀྱི་ནང་ནས་ཀྱང་གཙོ་བོ་མཚོན་པར་བྱེད་པ་སོགས་འདུས་པ་ཡིན་ཏེ། དེ་དག་ནི། ༡.རྒྱལ་པོའི་བཀར་བཏགས་ཀྱི་ཕྱག་རྒྱ་སྟེ་བཀའ་ཡིག་མཚོན་པར་བྱེད་པ་བཀའ་ཤོག་གི་སྒྲོམ་བུ། ༢.བཙན་པོའི་དམག་དཔོན་ཆེན་པོ་མཚོན་པར་བྱེད་པར་རུ་མཚོན་མཐོན་པོར་སྒྲེང་བ་སྟེ་ཁྲོམ་རྟགས་ཀྱི་ཕྱག་རྒྱ་རུ་མཚོན། ༣.བཙན་པོ་གང་དུ་བཞུགས་པ་མཚོན་བྱེད་དུ་སྐུ་མཁར་སོགས་བརྩིགས་པ་ཡུལ་རྟགས་ཀྱི་ཕྱག་རྒྱ་སྐུ་མཁར། ༤.དམ་པའི་ཆོས་སྤེལ་བར་མཛད་པ་ལ་གཙུག་ལག་ཁང་སོགས་བཞེངས་དགོས་པ་ཆོས་རྟགས་ཀྱི་ཕྱག་རྒྱ་ལྷ་ཁང་། ༥.གཡུལ་དུ་བྱས་རྗེས་བཞག་པར་སྟག་ལྤགས་ཀྱིས་གཟེངས་སུ་བསྟོད་པ་དཔའ་རྟགས་ཀྱི་ཕྱག་རྒྱ་སྟག་སློག ༦.རྒྱལ་སྲིད་སྐྱོང་བར་མཁས་ཤིང་མཛངས་པ་ལ་གཡུ་དང་གསེར་གྱི་ཡིག་ཚངས་ཀྱིས་གཟེངས་སུ་བསྟོད་པ་མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚངས་དང་དྲུག་གོ །
   ལྔ་བ་རྒྱལ་ཁབ་ཀྱི་བྱ་བར་བྱས་རྗེས་བཞག་པའམ་བྱ་ངན་བྱས་པ་རྣམས་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་བྱེད་པ་ལྟར་བཟང་བོའི་རྐྱེན་དང་ངན་པའི་རྐྱེན་དུ་དབྱེ་བ་རྐྱེན་དྲུག་སྟེ། དེ་དག་ནི། ༡.དཔའ་བའི་རྐྱེན་དུ་གུང་དང་སྟག་གི་སློག་པ། ༢.ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས། ༣.མཛངས་པའམ་ཤེས་ལྡན་མི་སྣའི་རྐྱེན་དུ་ཡིག་ཚངས། ༤.སྡར་མའི་རྐྱེན་དུ་མགོ་ལ་ཝ་ཞུ། ༥.མ་རབས་གཡུང་བོའི་རྐྱེན་དུ་ཐུགས་དང་བོན། ༦.ངན་པའི་རྐྱེན་དུ་རྐན་མ་དང་དྲུག་གོ །
   དྲུག་པ་རྒྱལ་ཁམས་བདེ་འཇགས་དང་མཐའི་སོ་ཁ་སྲུང་བ་ལ་སོགས་པའི་བྱས་རྗེས་ཅན་གྱི་བློན་པོའམ་དཔའ་བོ་ལ་གཟེངས་བསྟོད་པ་དཔའ་མཚན་དྲུག་སྟེ། དེ་དག་ནི། སྟག་སྟོད་སྟག་སྨད་གཉིས། ཟར་ཆེན་ཟར་ཆུང་གཉིས། གོང་རས་སྟག་སློང་གཉིས་ཏེ་དྲུག་གོ ། དེ་དག་ཀྱང་རིམ་བཞིན་བྱས་རྗེས་ཆེ་ཆུང་ལ་གཞིགས་ཏེ་དཔའ་མཚན་དྲུག་པོ་སྟེར་སྲོལ་ཡོད་པར་གསུངས་སོ། །
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:མི་ཆོས་གཙང་མ་བཅུ་དྲུག