རྒྱལ་རོང་གི་ཆང་གི་རིག་གནས།(2)

ཆོས་ཉིད་རྡོ་རྗེ།        2013-05-06


 6 ཆང་གི་གུས་སྲོལ།
བོད་མི་རིགས་ལ་ཕུན་སུམ་ཚོགས་པའི་ཆང་གི་རིག་གནས་འདི་བཞིན་ཡོད་པ་ཡིན་ན།དེ་བཞིན་ཆང་དང་འབྲེལ་ཡོད་ཀྱི་འགྲོ་ལུགས་གུས་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་སྨོས་ཅི་དགོས།དེ་ཡང་ང་ཚོས་རྒྱལ་རོང་བྲག་སྟེང་ཕྱོགས་ཀྱི་ཆང་གི་གུས་སྲོལ་འདི་ཙམ་དཔེ་མཚོན་དུ་བཀོད་ན།ཐོག་མར་ཆང་ཕབ་མཁན་ཕལ་ཆེར་ཁྱིམ་བདག་མ་སོགས་བུད་མེད་རྣམས་ཡིན་ལ་ཆང་བཙོ་ཕབ་ཀྱི་སྔོན་དུ་ནམ་རྒྱུན་དང་མི་འདྲ་བར་ཁ་བཀྲུ་ལག་བཤལ་གཙང་མ་བྱེད།སྣོད་ཆས་དང་སྙོལ་རྫ་དཀྲི་བྱེད་ཀྱི་གོས་སོགས་ཀྱང་བཀྲུ་ཞིང་ཤུག་པའི་དུ་བས་བདུག དེ་འདྲ་གཙང་སྦྲ་ཁྱད་པར་བ་བྱེད་དོན་ཡང་ཆང་ལ་རྩ་ཆེན་འཛིན་པའི་བསམ་བློ་མཚོན་པ་དང་།གལ་ཏེ་བཙོག་སོང་ན་ཆང་ཡག་པོ་མི་ཡོང་བར་བཤད།ཆང་ཕབ་སའི་ཁྱིམ་ཚང་ལ་ལས་འགྲུལ་འཛེམ་ཡང་བྱེད་པ་མ་གཏོགས་འགྲུལ་སྣ་ཕོག་ནས་ཆང་སྐྱུར་འགྲོ་བ་དང་།ཚིག་དྲི་བྲོ་བ་སོགས་འབྱུང་སྲིད།ཆང་ཡག་པོ་མི་ཡོང་བ་ནི་ཆག་སྒོ་སོགས་ཀྱི་སྔ་ལྟས་སུ་བརྩིས་ཏེ་སྐུ་རིམ་ཡང་སྒྲུབ།དེའི་ཕྱིར་སྒོ་ཁར་དབྱུག་པ་རིང་པོའི་རྩེར་ཕྱགས་མ་བཅིངས་ནས་བཞག་ན་ཁྱིམ་ཚང་དེས་ཆང་ཕབ་བཞིན་ཡོད་པ་ཤེས་ནས་ནང་དུ་འཛུལ་མི་ཡོང་། ཆང་ནི་རྟེན་འབྲེལ་གྱི་ལེགས་སྐྱེས་དང་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཀྱང་ཡིན་ལ་ཞིམ་མངར་གྱི་འཚོ་བཅུད་དང་རྒྱས་སྤྲོས་ཀྱི་དགྱེས་སྐྱེམས་ཤིག་ཀྱང་ཡིན་པས་ལོ་གསར་རོལ་བ་དང་ཁྱིམ་གསར་འཛུགས་པ།ཁང་གསར་རྒྱག་པ་སོགས་ལ་མེད་ཐབས་མེད།ཤ་མར་ཐུད་གསུམ་སོགས་ཅི་འདྲའི་སྐྱེས་བཟང་པོ་འབུལ་རེས་བྱས་ཀྱང་།ཆང་དང་ཁ་བཏགས་ཀྱི་འབུལ་རྟེན་མེད་ན་རྟེན་འབྲེལ་གྱི་མཚན་རྟགས་སུ་མི་འགྲོ་བ་དང་།ཆང་ཤེལ་དམ་གང་དང་ཁ་བཏགས་ཤིག་ལས་མེད་ཀྱང་རྟེན་འབྲེལ་གྱི་ལེགས་སྐྱེས་ཕུན་སུམ་ཚོགས་པར་བརྩི་ཆོག དེ་བཞིན་མཛའ་གཅུགས་ཀྱི་སྙིང་གཏམ་བཤད་པ་དང་བློས་ཐུབ་ཀྱི་གྲོགས་པོ་སྒྲིག་པ།དོན་ཆེན་གྱི་གྲོས་ར་བསྡུ་བ།ངོ་ཆེན་གྱི་མགྲོན་སྣ་ལེན་པ་ལྟ་བུའི་བྱ་བ་སྤེལ་བའི་ལག་ཆ་ཞིག་ཀྱང་ཡིན།འགྲུལ་པ་གལ་ཆེན་ཞིག་སླེབས་ན།ཐོག་མར་ཆང་དཀར་ཡོལ་གང་དྲངས་ནས་སྣེ་ལེན་བྱེད་པ་དང་གྲོགས་པོ་རྩ་ཆེན་ཞིག་ཡིན་ན་ཐོག་མར་ཆང་དྲངས་ཏེ་གཞི་ནས་གཏམ་གླེང་རྩོམ།དེ་བཞིན་གྲོགས་པོ་སོགས་ཁྱིམ་དུ་དྲངས་ནས་འདུག་ལོངས་མ་བྱུང་ཚེ་སྣོད་དུ་ཆང་བླུགས་ནས་འབུལ་རྒྱུ་དང་།འགྲོ་བའི་ཚེ་ཡང་ལམ་ཆང་འཁྱེར་དུ་འཇུག་པ་སོགས་ཆང་གི་བྲིན་སྒོ་ཧ་ཅང་ཆེ་བས་ཁྱིམ་དུད་དཀྱུས་ས་ཞིག་ལ་མཚོན་ནའང་།ལོ་རེར་འབྲུ་རིགས་རྒྱ་མ་བཞི་བརྒྱ་ཡས་མས་ཀྱིས་ཆང་ཕབས་ནས་སྙོལ་ཐེངས་ལྔ་རེ་དང་།ཕབ་ཐེངས་བཅུ་ཙམ་དགོས་པར་གྲགས།གལ་ཏེ་དམིགས་བསལ་དུ་ཁང་གསར་རྒྱག་པ་དང་།བག་མ་ལེན་པ།སྐྱེས་སྟོན་བྱེད་པ༼ཁོ་ཚོའི་གོམས་སྲོལ་ཞིག་སྟེ།རྒན་རྒོན་ལོ་ལྔ་བཅུ་ཡས་མས་ལོན་པ་རྣམས་ཀྱིས་ཚེ་མཇུག་མཐར་ཕྱིན་པའི་རྟེན་འབྲེལ་མཛད་སྒོ་དམིགས་གསལ་ཅན་ཞིག་ཡིན།མི་ཚེ་གང་བོར་ཐེངས་གཅིག་ལས་མི་བྱེད༽སོགས་ལ་དེ་ལས་རྒྱ་ཆེ་བར་བཤད།དེ་སྔོན་བྲག་སྟེང་ཆ་ལུང་གྲོང་པའི་མི་རྒན་ཁ་ཏེ་ཐར་བཟའ་མི་གཉིས་ཀྱི་སྐྱེས་སྟོན་དུ་འབྲུ་རིགས་རྒྱ་མ་ཉིས་སྟོང་ལ་ཉེ་བས་ཆང་ཕབས་ནས་ཡུལ་གྲོང་ལྷན་རྒྱས་ཉིན་གསུམ་གྱི་རིང་དུ་དགའ་སྟོན་ལ་རོལ་བ་བཤད་པ་ལྟར་རེད། ཆང་གསོལ་འདྲེན་བྱེད་སྟངས་ཀྱང་རབ་ཡིན་ན་འདྲེན་མཁན་མདུན་དུ་ལངས་ཏེ་ལག་གཡས་ཀྱིས་དར་དཀར་བཅས་ཆང་རྫའི་ཡུ་བ་ནས་འཛིན།གཡོན་པས་ཞབས་ནས་སྐྱོར།ལག་པ་དཔུང་མཚམས་ནས་འདེགས།ལུས་སྟོད་ཏུའུ་དགུ་བཅུའི་ཚད་ཙམ་དུ་ཕབ།ངོ་ཅུང་ཙམ་ཡར་ཕྱོགས་ནས་འཛུམ་མདངས་བཅས་ཁ་ནས་རྟེན་འབྲེལ་གྱི་ཚིག་ཀྱང་སྒྲོག བླུག་སྣོད་གསེར་ཕོར་དངུལ་ཕོར་སོགས་སྤུས་བཟང་སྤྱོད་པ་ཡོད་ཀྱང་།རྒྱུན་ལྡན་དུ་ཤིང་ཕོར་དངུལ་ཤན་ཅན་དང་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད།མ་མཐར་ཡང་ཆག་སྐྱོན་སོགས་མེད་པའི་ཕོར་བ་དང་།ད་ལྟ་དཀར་ཡོལ་རིགས་དང་ཤེལ་སོགས་ལས་གྲུབ་པའི་ཆང་ཚུགས་ཀྱང་བྱེད་ཆོག ཆང་རྫ་ནང་དལ་བུས་ཆང་བླུགས་པ་ནས་འབྲུའི་དབྱིབས་སུ་ཐོན་པར་བྱས་ནས།གང་ཚད་ནི་ཆང་ཕོར་གྱི་ཕྱེད་མཐོ་ཙམ་ལས་གང་ཆེ་ནས་ཕྱིར་འཕོ་བར་མི་བྱ།གལ་ཏེ་འཐུང་མཁན་གྱིས་ཆང་ཕོར་བཟེད་མ་བྱུང་ན།ལག་གཡོན་པས་ཆང་ཕོར་བླངས་ནས་འདྲེན་དགོས།ཆང་གསོལ་མཁན་ཡང་རབ་ན་གདན་ལས་ལངས་པའམ་དེ་ལྟར་བྱེད་པ་མ་བྱུང་ཡང་གུས་ཚུལ་བཅས་ལག་གཉིས་ཀྱིས་ཆང་ཕོར་སྐྱོར་ནས།ལག་པའི་དཔུང་མཛམས་ནས་བཏེགས་ཏེ་འཛེད་ཅིང་།བཀའ་དྲིན་མཚོན་པའི་བརྡ་ཚིག་སྟོན།བླུགས་ནས་ཀྱང་དེ་མ་ཐག་རང་གིས་རང་དགར་མི་འཐུང་བར་ཕར་ལ་ཡང་བཞེས་སྐྲུལ་བྱེད།

 དལ་བུས་འཇིབ་ནས་སྒྲ་མེད་པར་འཐུང་བ་ལས་ཤེས་ཀྱིས་ཧུབ་སྒྲ་མི་གཏོང་།འཐུང་སྐུལ་བྱེད་ཚེ་ཆང་ཕོར་ལག་པ་གཉིས་ཀས་སྐྱོར་ཏེ་ཕ་རོལ་པོའི་ཕྱོགས་སུ་བཀྱག་ཙམ་བྱེད་པའམ།ལག་གཡས་པས་ཆང་ཕོར་བཀྱག་སྟེ་གཡོན་པ་གྱེན་དུ་བསྟན་ནས་བཞེས་ཚིག་དངོས་སུ་སྨྲ་བའམ་ཤིས་ཚིག་དག་གིས་བཞེས་སྐུལ་གཏོང་བ་ལས་གནའ་དུས་སུ་ཆང་ཕོར་གཏུག་རེས་བྱེད་པ་མེད།དེ་ལ་ཕ་རོལ་པོའི་བརྡ་ལན་འབྱོར་ནས་ཧུབ་བྱེད་ཅིང་ཕ་རོལ་པོས་ཧུབ་བྱས་ཚར་ཚེ་གཞི་ནས་མར་ལ་འཇོག སྔ་སྲོལ་དུ་འཐུང་ཐེངས་རེར་ཞབས་དག་དགོས་པའི་བཙན་སྐུལ་སོགས་ཀྱང་མེད་པ་རང་ཉིད་གང་དགར་འཐུང་ཆོག་པ་ཡོད། སྐོར་བྲོ་འཁྲབ་པའི་ཞོར་དུ་ཆང་འཐུང་བར་ཆང་བསྐོས་ནས་ཚང་མས་ལྷན་ཅིག་ཏུ་འཐུང་སྲོལ་ཡོད་པ་བྲོ་ཆང་འཐུང་བར་གྲགས་ཤིང་རྒྱལ་རོང་གི་ཐུན་མིན་ཁྱད་ཆོས་ཤིག་ཀྱང་ཡིན།འདི་ལ་འཐུང་སྟངས་རྣམ་པ་གཉིས་ཡོད་དེ།གཅིག་ནི་སྦང་མ་དང་བཅས་པའི་ཆང་སྐྱུར་ཆང་རྫ་ཆེན་པོའི་ནང་བླངས་ནས་བྲོ་ར་ཆེན་པོའི་དབུས་སུ་ཁྱེར་ནས་དར་ཁ་བཅས་བྲོ་རྟེན་འཇོག དེ་ཡི་ནང་རྩྭ་སོག་མང་པོ་བཙུགས་པར་རང་གང་མོས་ལྟར་སོང་ནས་སོག་མའི་སྦུ་གུ་གཞིབས་ཏེ་ཞབས་བྲོ་འཆམ་མཁན་ཀུན་གྱིས་འཐུང་བ་དང་།གཉིས་ནི་ཕབ་ཟིན་པའི་ཆང་རག་ཆང་གི་དམ་འབི་ནང་བླུགས་ནས་ཁ་དར་དང་བཅས་མི་རྒན་ཁ་དྲོ་བ་ཞིག་གིས་ཁྱེར་ཏེ་དང་པོ་འཆམ་དཔོན་ནས་བཟུང་སྟེ་ཞབས་བྲོ་འཁྲབ་མཁན་ཛོ་ལ་རེ་རེ་བཞིན་འཐུང་བཅུག་ཅིང་ཡང་ཡང་དེ་ལྟར་བསྐོར་བས་ཉིན་མཚན་མང་པོར་དགའ་སྟོན་རྟེན་འབྲེལ་གྱི་ཞབས་བྲོ་བསྟུད་མར་འཆམ་མོ།།
 
 

  • ལེ་ཚན་སྔོན་མ།:རྒྱལ་རོང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་བཟའ་བཏུང་རིག་གནས།
  • ལེ་ཚན་རྗེས་མ།:གྲོ་ཕྱེའི་ཁམ་ཟས་རིགས་བཟོ་ཐབས།