བོད་ཇའི་སྐོར་ཅུང་ཟད་བཤད་པ།(2)

ནོར་བུ་རྒྱལ་མཚན།        2012-02-10


གཉིས་པ།བོད་ཇའི་རིགས་དབྱེ་བཤད་པ།
བོད་མི་རིགས་ལ་མཚོན་ན་ཇ་ནི་རྒྱུན་སྤྱོད་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བཏུང་བྱ་དགའ་ཞེན་ཆེ་བ་ཞིག་ཡིན་ལ།བོད་མི་རིགས་ཀྱི་རིག་གནས་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུའང་གྱུར་ཡོད།ཕྱིས་སུ་རིམ་གྱིས་དེའི་བྱུང་ཚུལ་དང་རིགས།རྣམ་པའི་ཐད་ལའང་བློས་དཔྱད་པ་བགྱི་འགོ་བརྩམས།དུས་རབས་བཅོ་ལྔ་བའི་ནང་དུ་བོད་དུ་ཇའི་བྱུང་ཚུལ་དང་རིགས་རྣམ།དེའི་ཕན་ཡོན་དང་རིག་གནས་ལོ་རྒྱུས་ཀྱི་རིན་ཐང་ལ་དཔྱད་པའི་བརྩམས་ཆོས་ཀྱང་ཐོན་ཡོད།འདིར་བོད་ཇའི་རིགས་རྣམ་ལ་ཕྱོགས་གཉིས་ཀྱི་ཐད་ནས་དབྱེ་བ་ཕྱེ་དགོས་ཏེ།གཅིག་བོད་ཇ་བཟོ་སྤྱད་ཀྱི་ཇ་ལོའི་དབྱེ་བ་དང་།གཉིས་བཏུང་བྱའི་རིགས་ཀྱི་བོད་ཇའི་དབྱེ་བ་བཅས་གཉིས་ཡོད།དེ་ལས་དང་པོ་ནི།《རྒྱ་བོད་ཡིག་ཚང་ཆེན་མོ》ལས།ཇ་ལོའི་རིགས་རྣམ་ལ་དབྱེ་བ་བཅུ་དྲུག་དཀར་ཡོད་པ་མ་ཟད་དེ་དག་རེརེའི་དབྱིབས་རྣམ་དང་སྐྱེས་ཡུལ།ཁྱད་ཆོས་དང་ཕན་ཡོན་སོགས་ཞིབ་ཏུ་བྲིས་ཡོད་པས་ཤེས་འདོད་དག་གིས་དེར་གཟིགས་པར་འཚལ།དེང་གི་དུས་བོད་ཡུལ་ན་སྤྱོད་པའི་ཇ་མང་ཆེ་བ་ནི་རང་རྒྱལ་གྱི་ཧུའུ་ནན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན།སི་ཁྲོན་ཞིང་ཆེན་བཅས་ནས་ཐོན་པའི་ཇ་ནག་སོགས་ཡིན།ཡིན་ནའང་དབུས་གཙང་གི་ས་ཁུལ་ཁ་ཤས་སུ་སྤྱོད་བཞིན་པའི་ཇ་ནི་བོད་ལྗོངས་ཉིང་ཁྲི་སོགས་ནས་ཐོན་པ་ཡིན།གཉིས་པ་བཏུང་བྱའི་རིགས་ཀྱི་བོད་ཇ་ལའང་བོད་ཁམས་ཀྱི་ཡུལ་གྲུ་སོ་སོའི་ཡུལ་ལུགས་གོམས་གཤིས་ཀྱི་དབང་གིས་དབྱེ་བ་སྣ་ཚོགས་ཡོད་ཀྱང་།འདིར་དེང་གི་དུས་མདོ་དབུས་ཁམས་གསུམ་དུ་ཆེས་དར་ཁྱབ་ཆེ་བའི་རིགས་སྣ་མི་འདྲ་བ་འགའ་བརྗོད་ན།ཇ་ཐང་(ཨ་མདོའི་ཁ་སྐད་དུ་ནག་ཁུ་ཡང་ཟེར)འོ་ཇ།དཀྲུགས་ཇ།མངར་ཇ་བཅས་ཡོད།ཇ་ཐང་ནི་བཏུང་ཇའི་ནང་གི་ཆེས་རྒྱུན་སྤྱོད་དུ་གྱུར་བའི་རིགས་ཤིག་ཡིན་ལ་བསྐོལ་སྟངས་ཀྱང་ཆེས་སྟབས་བདེ་བ་ཞིག་ཡིན།རྒྱུན་པར་སླ་ངའི་ནང་དུ་ཆུ་བླུགས་རྗེས་དེའི་ཁར་ཇ་ལོ་འོས་འཚམས་ཤིག་བཏབ་ནས་བསྐོལ་བ་ཡིན།ཇ་ལོ་བཏབ་པའི་ཆུ་དེ་འཁོལ་རྗེས་ཇ་ལོའི་ཁུ་བ་ཐོན་ངེས་ཡིན་ལ་དེའི་ཁ་ཚྭ་བཏབ་ནས་བཏུང་ཆོག་པ་ཡིན།ཚྭ་འདེབས་མིན་འདི་རང་རང་གི་གོམས་ལུགས་དང་དགའ་ཞེན་ལྟར་ཡིན།ཇ་ཐང་འདི་བཟོ་བ་ལ་རྒྱུ་ཆ་ཧ་ཅང་སྟབས་བདེ་ཡིན་ལ་བསྐོལ་ཡུན་གྱི་དུས་ཐུང་ཞིང་།ཚེགས་ཧ་ཅང་ཡང་བས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཆེས་རྒྱུན་ལྡན་གྱི་བཏུང་བྱ་ཞིག་གོ།དཀྲུགས་ཇ་ནི་འབྲོག་ལས་ས་ཁུལ་ལ་དར་ཁྱབ་ཆེ་བ་ཞིག་སྟེ།ལྷག་པར་དབུས་གཙང་གི་ས་ཁུལ་དུ་ཁྱིམ་དུད་རེ་རེ་ན་དཀྲུགས་ཇ་བཟོ་བྱེད་ཀྱི་དཀྲུག་ཟོ་རེ་ཡོད།དཀྲུག་ཇ་དཀྲུག་ཚུལ་ནི་དཀྲུག་ཤིང་གིས་ཐེངས་མང་ཙམ་ལ་ཡར་དཀྲུག་མར་དཀྲུག་བྱས་རྗེས་དེ་གསུམ་ཀ་འདྲེས་པར་བྱས་པའི་མདོག་དཀར་སེར་ཅིག་ཐོན་ངེས་ཡིན།དེ་ཡང་བསྐྱར་ཚ་བོར་བཏང་ན་མར་གྱི་བྲོ་བཅུད་ལྡན་པའི་བཏུང་བ་མཆོག་ཏུ་གྱུར་བའི་དཀྲུག་ཇ་ཡིན།འོ་ཇ་ནི་ཇ་ཐང་འཁོལ་བ་ན་དེའི་ནང་དུ་འོས་འཚམས་ཀྱི་འོ་མ་ཉུང་ཙམ་བླུགས་ནས་དེ་ཚ་བོར་བཟོས་ཏེ་བཏུང་བ་ཞིག་ཡིན།བཏུང་བ་འདིའི་རིགས་ལྟོས་ས་བལྟོས་འཇོག་གིས་མདོ་ཁམས་ཀྱི་རོང་འབྲོག་ས་ཁུལ་དུ་ཧ་ཅང་དར་ཁྱབ་ཆེ་བ་ཞིག་ཡིན།མངར་ཇ་ནི་སྤྱིར་བོད་ཁམས་ཀྱི་ཡུལ་གྲུ་ཀུན་ལ་དར་ཁྱབ་བྱུང་མྱོང་བའི་བཏུང་བྱ་ཞིག་ཡིན་ཡང་།དེང་གི་དུས་མངོན་གསལ་དོད་པོས་དར་ཁྱབ་ཆེ་བ་ནི་དབུས་གཙང་ས་ཁུལ་ཡིན།མངར་ཇ་བཟོ་བྱེད་ཀྱི་ཇ་ལོ་ནི་རྒྱུན་ལྡན་གྱི་ཇ་བཟོ་སྤྱད་ཀྱི་ཇ་ལོ་མིན་པར་མངོག་ཅུང་དམར་བའི་ཇ་ལོ་ཞིག་ཡིན་ལ།ཇ་ལོ་དེས་ཇ་ཐང་མདོག་དམར་སེར་ཅན་ཞིག་ཏུ་བཏང་རྗེས་དེའི་ནང་དུ་ལོ་མ་དང་མངར་ཆའི་རྒྱུ་ཆ་བསྲེས་ཏེ་བཟོ་བ་ཡིན།མངར་ཇ་དེ་ཐོག་མར་ཕྱི་རྒྱལ་ནས་བོད་དུ་དར་བའི་བཤད་སྲོལ་ཡོད་ལ།སྔོན་ཆད་དེ་མཐོ་རིམ་མི་སྣ་དང་ཕྱུག་པོ་རྣམས་ཀྱི་བཏུང་བྱ་མཆོག་གྱུར་ཅིག་ཏུ་བརྩི།ཕྱིས་སུ་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་དམངས་ཁྲོད་དུའང་ཆེས་ཆེར་དར་ཁྱབ་ཕྱིན་པ་རེད།དེང་སྐབས་གྲོང་ཁྱེར་ལྷ་སའི་སྲང་ལམ་དང་ཁྲོམ་རྭ་ག་ས་ཀུན་ཏུ་མངའ་ཇ་ཁང་མང་པོ་ཡོད་པས་ཀྱང་དེའི་དར་ཁྱབ་དང་རྒྱུན་སྤྱོད་ཀྱི་ཚད་དེ་དཔོགས་ཐུབ།ཡིན་ནའང་མངོ་ཁམས་སུ་དེང་སང་མངའ་ཇའི་རིགས་དེ་ཙམ་དར་ཁྱབ་མི་ཆེ།བོད་མི་རིགས་ལ་མི་རིགས་གཞན་དང་མི་འདྲ་བར།རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཉིན་རེའི་ཟས་ཐུན་ཚང་མར་ཇ་ནི་མེད་དུ་མི་རུང་བའི་བཏུང་བྱ་མཆོག་ཏུ་གྱུར་བ་ཞིག་ཡིན་ལ།ཉིན་གཅིག་ལ་ཇ་མ་འཐུང་ནའང་ཅི་ཞིག་བརྗེད་སོང་སྙམ་པའི་སྣང་བ་ཞིག་གམ་དེ་འཐུང་འདོད་ཀྱི་སྐྱོ་བ་ཞིག་ངང་གིས་སྐྱེ་སྲིད།
གསུམ་པ།བོད་ཇའི་ཕན་ཡོན་བཤད་པ།
སྤྱིར་བོད་ཀྱི་བཟའ་བཏུང་གི་རིགས་ལ་རུས་གསོ་ནུས་ཅན་སྐྱུར་གྱི་རིགས་དང་།ཤ་གསོ་ནུས་ཅན་མངར་བའི་རིགས།དབུགས་གསོ་ནུས་ཅན་ཁ་བའི་རིགས།ཁྲག་གསོ་ནུས་ཅན་ལན་ཚྭའི་རིགས་སོགས་མང་བ་བརྗོད་ཀྱིས་མི་ལའང་ནའང་།འདིར་བྱེ་བྲག་གི་བཏུང་བྱ་ཇའི་རིགས་ཀྱི་ཕན་ཡོན་འགའ་བརྗོད་ན།བོད་ཇ་འདི་མངོ་དབུས་མཐོ་སྒང་དུ་འཚོ་བའི་མི་རྣམས་ལ་ལྷག་ཏུ་འཕྲོད་ཅིང་ས་མཐོའི་གནམ་གཤིས་ཀྱི་གྲང་ངར་སོགས་རང་བྱུང་གི་ཆ་རྐྱེན་གྱིས་གཙེས་པའི་མི་རྣམས་ཀྱིས་འདི་འཐུང་ན་ལུས་ཀྱི་དྲོད་ཤ་རྒྱས་ཤིང་།ཁ་ཟས་ཀྱི་ཞུ་སྟོབས་གསོ་བ།ཆམ་རིམས་དང་གྲུམ་བུ་རུས་གཟེར་གྱི་ནད་སོགས་གྲང་ངར་བུ་ཡུག་འཚུབ་པའི་མཐོ་སྒང་དུ་ཧ་ཅང་བྱུང་སླ་བའི་ནད་རིགས་སྣ་ཚོགས་སྔོན་འགོག་དང་ནད་བཅོས་ལ་ཤིན་ཏུ་ཕན་པ་གནས་འདིར་གནས་བཅས་པའི་མི་རབས་རྒན་པ་རྣམས་ཀྱི་ཉམས་མྱོང་ལས་ངོས་འཛིན་བྱུང་ལ་དེང་གི་གསོ་བྱེད་རིག་ཚན་གྱིས་ཀྱང་མང་ཆེ་བ་ཁས་ལེན་དང་ར་སྤྲོད་ཐོབ་ཡོད།《རྒྱ་བོད་ཡིག་ཚང་ཆེན་མོ》ལས་ཇའི་རིགས་རྣམ་པ་བཅུ་དྲུག་ཏུ་བཀར་ཅིང་དེ་དག་སོ་སོའི་ཁྱད་ཆོས་དང་ཕན་ནུས་མི་འདྲ་བ་རེ་རེ་བཞིན་ཞིབ་ཏུ་གླེང་ཡོད་པ་ལས་འདིར་རགས་བསྡུས་ཙམ་ཞུས་ན།དེ་དག་གིས་བད་ཀུན་གྱི་ནད་དང་།རླུང་ནད།མཁྲིས་པའི་ནད་སེལ་བ།ཁྲག་ནད་དང་གཅོང་ནད་ལ་ཕན་པ།ལུས་ཀྱི་སྟོབས་རྒྱས་པ་བཅས་མང་ངོ་།།གོང་གི་བཤད་ཚུལ་འདི་ཚང་མར་དེང་རབས་ཚན་རིག་གིས་ཁག་ཐེག་བྱེད་དཀའ་ནའང་།དེ་འཐུང་ན་དབྱར་ཚ་བའི་དུས་སུ་ལུས་ཀྱི་སྐོམ་གདུང་སེལ་བ་དང་།དགུན་གྲང་བའི་དུས་ཚིགས་སུ་ལུས་ཀྱི་དྲོད་སྟོབས་རྒྱས་པ།ལོ་ཆུང་རྒན་གཞོན་སུ་ཡིན་ཡང་ཕོ་བའི་ཟས་མ་ཞུ་ཡིན་ན་དེས་མྱུར་འདེད་ཀྱི་ནུས་པ་ཐོན་པ།དེ་མིན་ད་ལྟའང་དམངས་ཁྲོད་དུ་མིག་ན་བའམ་མིག་རྩའི་མདངས་དམར་པོར་གྱུར་བ་བཅས་ལ་ཇའི་རླངས་པ་མིག་ནང་དུ་བརྒྱབ་ན་ཇེ་བཟང་དུ་འགྲོ་བ་སོགས་ཕན་ནུས་མང་པོ་མཐོང་རྒྱུ་ཡོད།ལྷག་པར་དུ་སྔོ་ཚལ་དང་སིལ་ཏོག་གི་རིགས་ཉུང་བའི་མཐོ་སྒང་དུ་ཇ་ནི་མིའི་འབྱུང་གཞིའི་བདེ་ཐང་དང་ལུས་ཁམས་གསོ་བ་ལ་མེད་དུ་མི་རུང་བའི་བཏུང་བ་མཆོག་ཏུ་གྱུར་བ་ཞིག་གོ།།
མདོར་ན།བོད་མི་རྣམས་གནའ་སྔ་མོའི་དུས་ནས་བཟུང་ཇ་འཐུང་བར་གོམས་པ་དང་དེ་ལ་དགའ་ཞེན་ཆེན་པོ་ཡོད་པ་དེ།ཇ་ལ་ལུས་ཁམས་གསོ་བའི་ནུས་པ་ཡོད་པའི་རྐྱེན་གྱིས་མ་ཚད།དེ་ནི་བོད་རིགས་འཚོ་སྡོད་བྱེད་སའི་ས་བབ་གནམ་གཤིས་དང་།འཚོ་བའི་ཆ་རྐྱེན།ཟབ་ཀྱི་འཕྲོད་སྦྱོར་དགའ་ཕྱོགས་བཅས་ལའང་འབྲེལ་བ་དམ་ཟབ་ཡོད།མདོ་དབུས་མཐོ་སྒང་དུ་འཚོ་གཞེས་གནང་བཞིན་པའི་བོད་མི་ཞིག་ཡིན་ཕྱིན་ཉིན་གང་བོའི་ཟས་ཐུན་ཚང་མ་ཇ་དང་འབྲལ་ཐབས་མེད་པ་དང་།ཇ་འཐུང་བར་དགའ་བ་དེ་མི་རིགས་གཞན་དང་མི་འདྲ་བའི་ཡུལ་ལུགས་གོམས་གཤིས་ཡན་གར་བ་ཞིག་ཏུ་ཆགས་ཡོད།དེ་བཞིན་ཀུན་གྱིས་མཁྱེན་གསལ་ལྟར་རང་རེའི་བོད་ལ་ཇ་དང་འབྲེལ་བའི་རིག་གནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་གཏིང་ཟབ་པ་ཞིག་ཡོད་པ་ནི་ཞོར་དུ་གསལ་ཁ་བཏོན་པའི་གཏམ་ཙམ་མོ།།(རྩོམ་སྒྲིག་པ་བདེ་ཆེན། )
  • ལེ་ཚན་སྔོན་མ།:བོད་ཟས་བཟོ་སྟངས།
  • ལེ་ཚན་རྗེས་མ།:བོད་མིའི་ཟས་ཀྱི་དྭངས་མ་མར་དང་མར་གྱི་རིག་གནས།