ཚོད་མའི་སྐོར།

        2011-02-24

ཤ་ཐུམ་མམ་ཨ་མདོའི་འབྲོག་སྐད་དུ་ཚོད་མ་ལྷ་སའི་སྐད་དུ་ཤ་མོག་མོག་ཅེས་པ་དེ་ལ་རིགས་མང་སྟེ་ཤའི་ཚོད་མ། ཚིལ་གྱི་ཚོད་མ། ཀེའུ་ཚོད། ལ་ཕུག་ཚོད་མ། ཀ་རའི་ཚོད་མ། སྟར་ཀའི་ཚོད་མ། ཟྭ་ཆིག་ཚོད་མ་སོགས་ཡོད་ལ། ཤའི་ཚོད་མ་བཅས་ཐབས་ནི་ལུག་ཤའམ་ནོར་ཤ་སོགས་རུས་དང་རྒྱུས་མེད་པའི་ཤ་སྣག་ཞིབ་འཐག་བྱས་པའི་ནང་དུ་ཚིལ་ཉུང་ཙམ་ཞིབ་འཐག་བྱས་རྗེས་བཟའ་ཚྭ་དང་གཡེར་མའམ་སྒོག་སྔོན་སོགས་འོས་འཚམས་བཏབ་སྟེ་ལེགས་པོར་དཀྲུགས་རྗེས་ཚན་པ་ཆུང་ངུར་བཅད་དེ་ཕྱེ་ལེབ་སྲབ་བུའི་ཁུག་ཏུ་བཏུམས་ནས་རླངས་བཙོའམ་ཆུ་བཙོ། ཡང་ན་མེར་བསྲེགས་བྱས་ནས་བཟའ་བ་ཞིག་ཡིན། ཤའི་ཚོད་མའི་དྲི་ཞིམ་ལ་རླུང་ཚད་སེལ་ཞིང་གཉིད་འཕེལ།
   སྒོག་པ་ཀེའུའི་ཚོད་མ་ནི་ཐོག་མར་ཀེའུ་ཆུ་ནང་དུ་གཙང་མར་བཀྲུས་ནས་ཅུང་ཟད་ཞིབ་འཐག་བྱས་ཏེ། བཟའ་ཚྭ་སོགས་བྲོ་སྨན་བཏབ་སྟེ་རླངས་བཙོའམ་ཆུ་བཙོ་བྱེད་པའི་ཟས་ཤིག་ཡིན་ལ་དྲི་ཆེ་ཞིང་རླུང་སེལ་བ་དང་གཉིད་འཕེལ།
  ལ་ཕུག་ཚོད་མ་ནི་ཐོག་མར་ལ་ཕུག་ནང་བཀྲུས་ཏེ་སླ་ངའི་ནང་ཡུད་ཙམ་བཙོས་རྗེས་བླངས་ནས། ཞིབ་གཙབ་བྱས་ཐོག་ཤ་ཉུང་ཙམ་བསྲེས་ཏེ་ཕྱེ་ལེབ་སྲབ་བུའི་ཁུག་བཏུམས་རྗེས་རླངས་བཙོའམ་ཆུ་བཙོ་བྱེད་པའ་ཟས་ཤིག་ཡིན་ལ་དྲི་ཞིམ་ཞིང་ཟས་འཇུ། གཞན་མར་གྱི་ཚོད་མ། དཀར་ཡོལ་གྱི་ཚོད་མ། ཤ་པ་ལི་(ཤ་བག་ལེབ )ཞེས་པ་སོགས་ཀྱང་ཡོད།
  • ལེ་ཚན་སྔོན་མ།:ཐུད་དང་ཉོག་གི་སྐོར།
  • ལེ་ཚན་རྗེས་མ།:སྔོ་ཚོད་ཀྱི་སྐོར།