མར་རྡོག་འདོན་པའི་བརྒྱུད་རིམ།(2)

སོག་རུ་ཀརྨ་ཀུན་ཁྱབ།        2015-06-30


གྲོད་པུ་དང་རྐྱལ་བའི་ནང་དུ་ཞོ་དཀྲོག་སྐབས་རྩ་བའི་ཆ་ནས་ཞོ་མདོང་ནང་དུ་དཀྲོག་ལུགས་དང་འདྲ་ཆེ་ལ།དགུན་དུས་སོགས་གནམ་གཤིས་གྲང་སྐབས་ཡིན་ན།ཞོ་ལ་འཁྱགས་ཤས་ཆེ་བའི་གནས་ཚུལ་ཐོན་སྲིད་པས་གྲོད་པུ་དང་རྐྱལ་བ་གང་ཡིན་རུང་ལྕགས་སླང་གི་ནང་བཞག་ནས་ཐབ་མེ་འཇམ་པོར་སྲོ་བ་དང་།མེ་ཁྱེམ་སོགས་ལྕགས་ལེབ་མེ་བསྲོས་པའི་གྲོད་པུའི་ཕྱི་ནས་ཚ་དུགས་རྒྱག་པའི་ཐབས་ཤེས་ལ་བརྟེན་ནས་ཞོ་དེ་དྲོད་དུ་ཁུག་ཐབས་བྱེད་ཀྱི་ཡོད།འོན་ཀྱང་།ལག་ལེན་དངོས་ཀྱི་ཉམས་མྱོང་ལེགས་པོ་མེད་ཚེ་ཞོ་དེ་བཞུ་བའི་གནས་ཚུལ་ཐོན་སྲིད་ལ།ཐ་ན་དཀྲོག་སྣོད་ལ་མེ་ཡིས་གཞོབ་པའི་ཉེན་ཁའང་ཐོན་ངེས་ཡིན།མདོར་ན་ཞོ་དཀྲོག་སྐབས་ཀྱི་ཚ་གྲང་དང་།མར་རྡོག་འགྲིལ་ཉེ་ལོད་ཡོད་མེད་སོགས་ལེགས་པར་རྟོགས་པའི་ཉམས་མྱོང་ཡོད་མེད་དེ་འབྲོག་མོ་ཞིག་ལ་མཚོན་ན་དཀར་ལས་བྱེད་ཤེས་མིན་གྱི་གནད་དོན་ཞིག་རེད།འོན་ཀྱང་རྒྱུན་རིང་དཀར་ཆུར་ལག་ལེན་བྱེད་མྱོང་མཁན་གྱི་འབྲོག་མོ་ཚོས་མིག་གིས་ཀྱང་ཞིབ་ཕྲར་ལྟ་མི་དགོས་པར་ཞོ་དཀྲོག་པའི་སྒྲ་དང་།མཛུབ་མོའི་ངོས་སུ་བྱུག་ཙམ་གྱིས་ཤེས་པ་ཡིན་ཏེ།དེ་དོན་རྩོམ་གྲོགས་ལྷ་གཡང་ནོར་བུས་ཤན་རྩའི་བཞའ་འགོ་ཁུལ་ནས་ཞོ་དཀྲོག་གླུ་ཞིག་བསྡུས་འདུག་པ་འདི་ལྟར་རོ།།
    ཞོ་བརྒྱ་ཞོའི་གཏིང་པ་མ་དཀྲུག་ན།།།
    མར་དཀར་སེར་རྡོག་ལ་འདྲིལ་ལུགས་མེད།།
    ཞོ་བརྒྱ་ཞོའི་འཁྱགས་ཞུ་མ་ཤེས་ན།།
    མར་དཀར་སེར་རྡོག་ལ་འདྲིལ་ལུགས་མེད།།
    ཞོ་བརྒྱ་ཞོའི་བཅོས་ཀ་མ་རན་ན།།
    མར་དཀར་སེར་རྡོག་ལ་འདྲིལ་ལུགས་མེད།།   
   ཞོ་བརྒྱ་ཞོའི་རྟིང་པ་འཁྲུགས་མིན་དེ།།
   ཁྲ་ཆུང་མིག་གིས་བལྟ་དགོས་མེད།།
   ཞོ་བཤིག་གིན་བཤིག་གིན་ལག་གིས་ཤེས།།
   ཞོ་བརྒྱ་ཞོའི་འཁྱགས་ཞུ་རན་མིན་དེ།།
   ངས་ཁྲ་ཆུང་མིག་གིས་བལྟ་དགོས་མེད།།
   ངས་དར་ལུང་རྣ་བས་ཉན་ན་ཤེས།།
   ཞོ་བརྒྱ་ཞོའི་བཅོས་ཀ་རན་མིན་དེ།།
   ངས་ཁྲ་ཆུང་མིག་གིས་ལྟ་དགོས་མེད།།
   ལག་མཛུབ་མོའི་རྩེ་ལ་བཀུས༼བྱུག༽ན་ཤེས།    ཞེས་གོང་གི་ཞོ་དཀྲོག་གླུ་དེའི་ནང་།ཞོ་དཀྲོག་སྐབས་ལག་ལེན་གྱི་ཉམས་མྱོང་ཡག་པོ་མེད་ན་མར་ཐོན་ཐབས་མེད་ལུགས་དང་།ཉམས་མྱོང་བཟང་པོ་ལྡན་ཚེ་ཤིན་ཏུ་སྟབས་བདེ་བོ་ཞིག་ཡིན་ལུགས་གསལ་བར་བཤད་འདུག་པ་ལྟ་བུའོ།།   རྐྱལ་བ་དང་གྲོད་པུའི་ནང་དུ་ཞོ་དཀྲོག་སྐབས་སྤྱིར་སྟངས་ཞོ་གླུ་ལེན་སྲོལ་ཉུང་ལ།མདོང་མོའི་ནང་དུ་ཞོ་དཀྲོག་སྐབས་ཞོ་གླུ་ཞེས་པའི་ལས་གླུ་མི་འདྲ་བ་མང་དུ་ཡོད་ཅིང་།དེ་དག་ཞོ་ཐེངས་གྲངས་ག་ཚོད་དཀྲོག་ཡོད་མིན་གྱི་གྲངས་འཛིན་དང་།མར་ཐོན་པའི་དུས་ཚོད་མ་འཆུག་པ་ཡོང་བར་གལ་ཆེའི་ནུས་པ་ཐོན་གྱི་ཡོད་ཚུལ་གོང་ཞུས་འདི་དག་ཡིན་ལ།ཞོ་ཐོན་ལ་ཉེ་བའི་སྐབས་སུ་མར་རྡོག་ལེགས་པོ་སྒྲིལ་ཐུབ་པའི་རྟེན་འབྲེལ་དང་སྨོན་འདུན་མཚོན་བྱེད་དུ་བླང་རྒྱུའི་ཞོ་གླུ་ལ་དཔེར་ན།
   རྒྱ་མདོང་གསེར་མདོང་ཁྲ་མོ།།
   འོ་མའི་མར་གཡང་འདུ་ཤོག  །
   རྒྱ་ཡུ་ལྷ་ཤིང་ཤུག་པ།།
    འོ་མའི་མར་གཡང་འདུ་ཤོག  །
    བརྒྱ་བཤིག༼དཀྲོག༽སྙིང་པོའི་མར་སེར།།
   གསེར་ཁ་བཞིན་དུ་རྡོག་ཤོག  །
   སྟོང་བཤིག་སྙིང་པོའི་མར་དཀར།།
   གངས་དཀར་བཞིན་དུ་སྤུངས་ཤོག །
དཀར་ཆུ་འོ་མའི་རྒྱ་མཚོ།།
མར་གཡང་ནོར་བུའི་བང་མཛོད།།
འཛམ་ལྷས་དངོས་གྲུབ་སྩོལ་ཤོག  །ཅེས་རྒྱ་ལོ་འདྲེན་ཐེངས་རེའི་གྲངས་དང་མ་ཎི་རེ་མོས་དབྱངས་སུ་ལེན་གྱི་ཡོད་ཅིང་།རྒྱ་ལོ་འདྲེན་ཐེངས་ཉིས་བརྒྱའི་མཚམས་གྲངས་འདྲེན་མི་བྱེད་པར་ཚིག་བཤད་དབྱངས་ལ་བཀུག་ནས་གོང་གི་འདི་སླར་ཡང་ལེན་གྱི་ཡོད་པ་དང་།གྲངས་བཞི་བརྒྱ་ལྔ་བརྒྱ་ཙམ་མམ་དཀྲུག་ལེན་མང་དུ་བྱས་པའི་རྗེས་ཞོ་ཐོན་ལ་ཉེ་བ་སྟེ་མར་རྡོག་འདྲིལ་ཡོང་བའི་སྐབས།
 རྒྱ་ལོ་དཀྲུག་ལེན་གཅིག་གིས།།
 བཀྲ་ཤིས་ཞོ་མདོང་ཁ་ལ།།
 སྤོས་ཤེས་ལས་ཀྱང་དྭངས་པའི།།
 སེར་པོའི་མར་རྡོག་འདྲིལ་བྱུང་།།
 གངས་རི་ལས་ཀྱང་དཀར་པའི།།
 དཀར་པོའི་མར་རྡོག་འདྲིལ་བྱུང་།།
 ནོར་བདག་འཛམ་བྷ་ལྷ་ཡི།།
 དངོས་གྲུབ་མར་གཡང་བསྩལ་བྱུང་།།
 ལུག་བདག་གང་པ་བཟང་པོས།།
འཛད་མེད་བཅུད་གཡང་སྦྱིན་བྱུང་།།
བང་བ་སྟག་སྒམ་ཁྲ་མོར།།
མར་གྱི་རི་བོ་སྤུངས་སོང་།།
ཡ་གི་ལྷ་ཁང་ཁྲ་མོར།།
སྣང་གསལ་འོད་ཀྱིས་བཀང་ཆོག
བར་གྱི་དྲིན་ཆེན་ཕ་མར།།
བཅུད་བཟང་མར་ཟན་བཏེགས་འགྲོ།།
མ་གི་ཉམ་ཐག་སྤྲང་པོར།།
སྦྱིན་པའི་ཕན་བདེ་འགྱེད་འགྲོ།།  ཞེས་བརྗོད་བཞིན་མར་རྣམས་འོ་ཟོམ་སོགས་སྣོད་གཞན་ཞིག་ནང་དུ་རིམ་བཞིན་འདོན་པ་ཡིན། ཞོ་དཀྲོག་པ་ལས་བྱུང་བའི་མར་གྱི་ཐོན་ཚད་དེ་རྩྭ་ཆུ་ལེགས་ཉེས་དང་།དབྱར་དགུན་གྱི་ཁྱད་པར།སྒོ་ཕྱུགས་སོ་སོའི་ཁྱད་ཆོས།བེའུ་མ་དང་ཡར་མ་ཡིན་མིན་སོགས་ཀྱི་ཁྱད་པར་ལས་ཐོན་ཚད་ཆེ་ཆུང་མི་གཅིག་ལ།དཀར་ལས་བྱེད་མཁན་གྱི་ཉམས་མྱོང་དང་།ལག་རྩལ་མཐོ་དམན།ཞོ་དེ་དཀྲོག་པའི་དུས་སྐབས་ནང་འཁྱགས་དྲོད་རན་ལོད་སོགས་ལས་ཁྱད་པར་ཆེན་པོ་ཡོད་རུང་།སྤྱིའི་ཆ་ནས་བཤད་ན་ཞོ་རྒྱ་མ་བཅུ་དཀྲོག་ན་མར་སྲང་བརྒྱད་ནས་དགུའི་སྐོར་ཙམ་རེ་ཐོན་སྲོལ་ཡོད།མར་ལ་དེང་སྐབས་འཕྲུལ་ལས་བརྟག་དཔྱད་བྱས་པའི་དཔྱད་གཞི་ལྟར་ན།སྤྱིའི་ཆ་ནས་ཆུའི་འདུས་ཚད་བརྒྱ་ཆ༡༢—བརྒྱ་ཆ༡༥དང་།འོ་མ་སྤྲི་དཀར་གྱི་འདུས་ཚད་བརྒྱ་ཆ༡ཡས་མས།འོ་མའི་ཞག་ཚིལ་གྱི་འདུས་ཚད་བརྒྱ་ཆ༨༤—བརྒྱ་ཆ༨༧ཙམ་འདུས་པར་བཤད་འདུག  །
 

  • ལེ་ཚན་སྔོན་མ།:འོ་མས་བཟོས་པའི་ཁ་ཟས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཆུ་གཤེར་རྩམ་པ།