རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དུ་ནུས་པ་འདོན་པ་དང་གཟི་བརྗིད་བརྩོན་ལེན་བྱེད་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2023-03-16

རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དུ་ནུས་པ་འདོན་པ་དང་གཟི་བརྗིད་བརྩོན་ལེན་བྱེད་པ་སྟེ།ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་གི་ལས་བྱེད་དང་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་དང་འབད་བརྩོན་ཧུར་ཐག་བྱ་རྒྱུར་སྐུལ་འདེད་བཏང་གནང་བ་ཞིག་རེད། ས་གནས་ཁག་གི་ལས་བྱེད་དང་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མ་འོངས་པའི་ལས་དོན་གྱི་མཛུབ་ཁྲིད་ཡིན་ཞིང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དུ་ནུས་པ་འདོན་པ་དང་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཉིང་ཞ་རྡོ་སོལ་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཀྲང་ཧྲེང་ལི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་ཚན་རྩལ་རང་ཚུགས་རང་འབད་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐོག་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་རྒྱུའི་དགོས་མཁོ་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།

གོ་ལ་ཧྲིལ་པོའི་ལོའི་དངོས་ཟོག་འདོན་འཇུག་བྱེད་ཚད་གྲུ་ཁ་ཆེ་ཤོས་ཡིན་པའི་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་བཟོ་པ་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་ཚང་མའི་ངར་ཤུགས་དེ་བས་ཆེ་རུ་ཕྱིན་སོང་ཞེས་གསུངས་ཡོད། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་དོས་སྒམ་གྲུ་ཁའི་བཟོ་བཀོད་པ་ལི་ཀུའེ་ཧའོ་ཡིས། རླབས་ཆེན་གྱི་དུས་རབས་སུ་སྐྱེས་པ་དང་རྒྱ་མཚོའི་གྲུ་ཁ་ནས་ཡིན་པའི་ན་གཞོན་ཞིག་གི་ངོས་ནས་ང་ཚོས་རང་འཁྲིའི་ལས་ཀར་གཞིས་ཚུགས་ནས་གྲུ་ཁའི་རང་འགུལ་འཛུགས་སྐྲུན་མུ་མཐུད་ཡག་པོ་བྱས་ཏེ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན་པའི་ཅང་ཞི་ཡིས་འདི་ལོ་འཆར་གཞི་ལྟར་འདེབས་རྩིས་ཡོད་པའི་སྔ་སྨིན་འབྲས་མུའུ་བྱེ་བ་གཅིག་དང་ས་ཡ་བརྒྱད་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། ཅང་ཞི་ཅི་ཨན་ཝན་ཨན་རྫོང་ཅན་ཐོའུ་གྲོང་རྡལ་ཅིའུ་ཏུའོ་གྲོང་ཚོར། གྲོང་མི་ཤའོ་ཞིན་ཧྭ་ཡིས་མྱུ་གུ་འབུས་མ་ཐག་པའི་ལྗང་པ་རྣམས་ལྗང་གསོའི་ལྟེ་བ་ནས་དྲོད་ཁང་ཆེ་མོར་སྤོ་འཛུགས་བྱེད་པའི་ལས་ལ་བྲེལ་བཞིན་ཡོད། ཤའོ་ཤིན་ཧྭ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་རང་ཉིད་ཀྱིས་ཞིང་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་སོང་ཞེས་གསུངས་ཡོད།

ཧེ་ལུང་ཅང་ཆི་ཆི་ཧར་གྲོང་ཁྱེར་འཁོར་སྟེགས་ཀུང་སི་ཞིག་གི་མ་ཧེང་ཁྲང་ཚོགས་ཆུང་གི་ཁོངས་མི་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འབྱུང་འགྱུར་ལས་དོན་གྱི་མཛུབ་ཁྲིད་དུ་བྱས་ཏེ། ལྟེ་བའི་ལྷུ་ལག་ལས་སྣོན་དང་བཟོ་སྐྲུན་རྟེན་གཞི་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད། མ་ཧེང་ཁྲང་ཚོགས་ཆུང་གི་བཟོ་པ་ལི་ཝུའེ་ཡིས། མིག་སྔར་ང་ཚོའི་ཀུང་སིའི་ཐོན་རྫས་རྩེར་སོན་ཅན་དང་རིག་ནུས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ང་ཚོས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་སྤུས་ལེགས་ཕན་ལྡན་གྱི་ཐོན་སྐྱེད་བྱེད་སྟངས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རང་ངོས་ཀྱི་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ་དང་། བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ། མི་དམངས་མང་ཚོགས་ཀྱི་བྲེལ་བ་ཆེ་བ་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ནས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད། ཨན་ཧུའེ་མ་ཨན་ཧྲན་གྲོང་ཁྱེར་ཏང་ཐུའུ་རྫོང་ཀུའུ་ཧྲུའུ་གྲོང་རྡལ་གྱི་གྲོང་མི་ལིའུ་ཝུའེ་ཅེ་ཡིས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ལས་ཁོང་གིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་གིས་ཁེངས་སོང་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཏན་ཏིག་བཏང་སྟེ་གོ་ལ་ཧྲིལ་པོའི་ཁྲོམ་ར་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་རང་ཉིད་འཕེལ་རྒྱས་གཏོང་དགོས་ལ་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས་ཞེས་གསུངས་ཡོད།

ཧེང་ཆིན་ཡུའེ་ཨའོ་མཉམ་ལས་གཏིང་ཟབ་ཁུལ་གྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཙེ་ཅན་གྱིས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་བརྩོན་ཧུར་ཐག་བྱ་རྒྱུར་སྐུལ་འདེད་བཏང་གནང་བ་ཞིག་རེད། མཉམ་ལས་ཁུལ་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་རྒྱུ་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལ་མཐོ་སློབ་ཀྱི་དགེ་སློབ་ཁྲོད་ལན་ཆ་བཟང་པོ་བྱུང་བ་དང་ཚང་མས་རྒྱུན་ཆད་མེད་པར་གསར་འབྱེད་ཧུར་ཐག་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་དུས་རབས་ཀྱི་ངོ་མི་གནོང་བ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད། ནུབ་བྱང་བཟོ་ལས་སློབ་ཆེན་མཁའ་འགྲུལ་སློབ་གླིང་གི་2021ལོ་དུས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ་ལིའུ་ལིའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཉན་རྗེས་ང་ཚོ་མི་རབས་འདིའི་གཞོན་ནུ་ཚོས་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དེ་བས་མྱོང་ཚོར་ཐུབ་བྱུང་། ངས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། འཚོལ་ཞིབ་བྱེད་ཕོད་པ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་གཞིར་བཟུང་ནས་ལི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་དམ་འཇོག་གི་མཛད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10