སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2023-03-15

——རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་རྣམ་པར་རྒྱལ་བའི་ངང་གྲོལ་བར་སྤྲོ་སེམས་འཕེལ་བས་རྟེན་འབྲེལ་ཞུ།

མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།

མངགས་བཅོལ་ཟབ་མོ་དང་འགན་འཁྲི་ལྕི་པོ་ཆུད་ཟོས་སུ་མི་གཏོང་བར། ཟླ་བ3ཚེས11ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཕེལ་བས་རྟེན་འབྲེལ་ཞུ་རྒྱུ་ཡིན།

འདི་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཕེབས་པ་དང་། ཚོགས་འདུར་ཞུགས་མཁན་ཨུ་ཡོན་ཚོར་གཟིགས་པ། རིགས་ཁོངས་ཚོགས་ཆུང་དུ་ཕེབས་ནས་བསམ་འཆར་གསན་པར་མ་ཟད། ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་དང་འཕེལ་རྒྱས་ལ་ཇུས་འགོད་གནང་བ་རེད།

རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་དང་། སྲིད་དོན་ཇུས་འདོན་ཧུར་ཐག། ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཀྱང་གང་ལེགས་མངོན་པར་བྱས་ཡོད།

ད་ཐེངས་ཀྱི་ཚོགས་འདུས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་པ་སྒྲིག་ཡིག་ནང་བཀོད་ཅིང་། ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱ་ཐབས་གལ་ཆེན། མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་སྒྲིག་ཡིག་ནང་མཚོན་པར་བྱས་ཡོད། སྲིད་གྲོས་ཀྱི་སྒྲིག་ཡིག་དེ་དུས་བབ་གསར་པ་དང་རྒྱུན་ཆད་མེད་པར་འཚམ་པ་དང་ཚད་གཞི་གསར་པ་བཟོས་པ་དེ། མི་དམངས་སྲིད་གྲོས་ཀྱིས་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་རེད།

ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་བར། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་བར། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་པ། ངེས་པར་དུ་ལྟེ་བའི་ལས་དོན་ལ་དམིགས་ནས་གྲོས་མོལ་གྱི་ནུས་ཕྱོད་མུ་མཐུད་ཆེ་རུ་གཏོང་དགོས་པ། ངེས་པར་དུ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་རེད།

མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་མུ་མཐུད་ལག་བསྟར་གཏིང་ཟབ། འགན་ནུས་ཁག་ལག་བསྟར་ནན་ཏན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

མི་དམངས་སྲིད་གྲོས་ཀྱིས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་གཉིས་ཕན་ཚུན་འབྲེལ་མཐུད་དང་སྲིད་དོན་ཇུས་འབུལ་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ། ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། མི་དམངས་སྲིད་གྲོས་འདི་ཉིད་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་གཡུལ་ས་གལ་ཆེན་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣར་མཐུན་སྒྲིལ་དང་། སློབ་གསོ། ཁྲིད་སྟོན་བཅས་བྱེད་པའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་ཟླ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐབས་ལམ་གལ་ཆེན་བཅས་ལ་དེ་བས་ལེགས་པའི་སྒོ་ནས་འགྱུར་བར་བྱེད་དགོས། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་མོལ་སྤེལ་རེས་གཏིང་ཟབ་བྱེད་པ་དང་། བསམ་འཆར་གང་ལེགས་མཚོན་པར་བྱེད་པ། ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཨུ་ཡོན་གྱིས་རིགས་ཁོངས་ཀྱི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་ལ་འགྱུར་བར་བྱེད་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་དང་རེ་བ་བཅོལ་ཡོད་ལ་ཀྲུང་གོ་མི་དམངས་ཀྱི་འབད་འཐབ་དང་རྔུལ་ཆུ་ཡང་འདུས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་ཁྲོད་དཀའ་བ་ཚད་མེད་སྤྱད་པ་དང་བློས་གཏོང་ཆེན་པོ་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་མངོན་འགྱུར་གྱི་ཡང་དག་ལམ་བུ་འབའ་ཞིག་རེད། གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་ལམ་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ལྕི་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། བློ་སེམས་གཅིག་མཐུན་དང་། དཀའ་སྤྱད་འབད་འཐབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། རྒྱང་ལམ་གསར་པའི་འགོ་ཡག་པོ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་དང་ལེགས་སྐྱེས་གསར་པ་འབུལ་དགོས།


  • ལེ་ཚན་སྔོན་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་གཞིར་བཟུང་ནས་ལི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10