གཉིས།
འབངས་གྱེན་ལོག་གི་སྐོར། དེ་ལྟར་དབུ་གཡོ་འཁྲུག་པའི་རྐྱེན་གྱིས་བོད་ཀྱི་སྲིད་དབང་ཁ་གྱེས་ཏེ་བོད་ཁམས་ཡོངས་ལ་དབང་སྒྱུར་བྱེད་མ་ཐུབ་པས། སྤྱི་ལོ་869པའི་ས་གླང་ལོར་དབས་ཁོ་བཞེར་ལེགས་སྟེང་གིས་ལག་དཔོན་བྱས་ཏེ་ཐོག་མར་མདོ་ཁམས་ནས་གྱེན་ལོག་བྱུང་བ་དང༌། དེ་ནས་རིམ་བཞིན་དབུ་རུའི་ཕྱོགས་ནས་གྱེན་ལོག་བྱུང་བས། སྐབས་དེར་གནུབས་སངས་རྒྱས་ཡེ་ཤེས་ལ་སྲས་དྲུག་ཡོད་པ་བཞི་གྱེན་ལོག་གིས་བཀྲོངས། སངས་རྒྱས་ཡེ་ཤེས་རང་ཉིད་སྤྲང་པོར་བརྫུས་ནས་བལ་ཡུལ་དུ་ཕེབས་པར་གྲགས། དེ་རྗེས་གཡོ་རུའི་ཕྱོགས་ནས་གྱེན་ལོག་བྱུང་བའི་ཚུལ་ནི། གཡོ་རུའི་ཞང་རྗེ་གསས་སྣེ་བཙན་གྱིས་རང་གི་དཔོན་པོ་གཡུ་སྣེ་བསད་ཅིང༌། གཡུ་སྣེའི་རྩེ་ཟླ་གཉིས་ཡོད་པ་ལས་གཅིག་རང་གི་ཆུང་མར་བླངས།
ཅིག་ཤོས་ཀྱི་མིང་ལ་འབེ་བཟའ་འ་མོ་སྐྱིད་དམ། འབེ་བཟའ་ཝ་མོ་གཞུང་ཞེས་བྱ་བར་འབོད་པ་དེས་གསས་སྣེས་བཙུན་མོར་མ་བླངས་པའི་ཕྲག་དོག་ཡོད་བཞིན་པའི་སྐབས་དེར།
གསས་སྣེ་བཙན་གྱིས་ཁུལ་དེའི་རིའི་མགུལ་པའམ་རིའི་ངོས་ལ་ཞིང་ཆུ་འདྲེན་པའི་ཡུར་བ་གསར་བཟོ་བྱེད་བཅུག་པའི་ཁྲལ་འུལ་གྱིས་མི་སེར་རྣམས་ལ་དཀའ་ངལ་ཆེན་པོ་བྱུང་སྟེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་དེ་འབེ་བཟས་མཐོང་བ་དང༌། མོས་ཞང་རྗེ་གསས་སྣེ་ལ་འཁོན་ལན་གླན་པའི་ཆེད་དུ་མང་ཚོགས་རྣམས་ལ། རི་མགུལ་གཅོད་པ་ལས་མི་མགུལ་གཅོད་པ་ལས་སླ། དེ་བས་དཀའ་སྡུག་དེ་འདྲ་མྱོང་མི་དགོས་པའི་ཐབས་ཤེས་བཟང་ཤོས་སམ་ལས་སླ་ཤོས་ནི། ཞང་རྗེ་གསས་སྣེ་བཙན་གྱི་མགུལ་བཅད་ན་རིའི་ངོས་ཡུར་བ་བཟོ་མི་དགོས་པ་རང་བཞིན་གྱིས་ཆགས་ཐུབ་ཅེས་ཇུས་གཞི་བཏོན། ཁོ་རྣམས་ཁ་འཆམས་ཏེ་གྱེན་ལོག་གི་མགོ་གཙོ་མཆིམས་ཀོང་གི་མི་དྲུག་སྟེ། སྐྱེ་ཚེ། ཚེ་བརྟན། སླེའོ་ལྷ་ལ་བསྟེན། སྙེ་བ་བསྟན་ནམ། མོན་ཕྲུག་ཐོང་ཆུང༌། གཡུ་ནེ་མྱང་བཅས་ཀྱིས་བྱས་ཏེ། ལྷའི་གོང་གསུམ་བྱ་བའི་ས་གནས་དེར་སྟར་སྡོང་ཞིག་གི་འོག་ཏུ་གྱེན་ལོག་བྱེད་རྒྱུའི་གྲོས་བསྡུར་བྱས་ཐོགདེ་ཡང་སྟར་ཁའི་མེ་ཏོག་སྲོད་ལ་འཆར་བའི་ཚུལ་བལྟ་བར་བསྙད་ནས་དཔལ་འབར་གྱི་སྒྲོན་མེ་ཐོགས་ཏེ་གྱེན་ལོག་བྱས་པས་མིང་ཡང་འོད་འབར་གྱེན་ལོག་ཏུ་གྲགས། སྐབས་དེར་གྲོས་བྱེད་སར་འབེ་བཟས། རྭ་ཆེ་ན་དགའ་མོད། ཁུར་ཆུང་ན་སྐྱིད་མོད་ཅེས་བཙན་པོའི་མངའ་ཐང་རྒྱས་ན་ལེགས་མོད།
དེ་ལས་ཉམ་ཆུང་རྣམས་ཁྲལ་འུལ་ཉུང་ན་སྐྱིད་ཅེས་བཤད་པས། མི་ཚང་མས་འབེ་བཟའི་གཏམ་དེ་བདེན་པར་གོ་ནས་ཚང་མས་ཞང་རྗེ་གསས་སྣེ་ལ་གྱེན་ལོག་བྱ་རྒྱུའི་གྲོས་ཐག་བཅད་དེ་མཆིམས་ཡུལ་གཏིང་ནས་གྱེན་ལོག་བྱས་པས་ཞང་རྗེ་གསས་སྣེ་བཙན་མཆིམས་ཡུལ་དུ་སྡོད་མ་ནུས་པར་ཀོང་ཡུལ་བྲེ་སྣར་བྲོས་པས་རེ་ཞིག་གླགས་མ་རྙེད་པའི་སྐབས་དེར་སླར་ཡང་འབེ་བཟས། ང་ཡིས་མཁར་སྒོ་རུ་བྲོ་བརྡུང་ཞིང་གླུ་ལེན་པའི་ཚུལ་གྱིས་ཉུལ་ཞིབ་བྱ་ཡི། ཞང་རྗེ་མཁར་ནང་དུ་མ་ཡོང་བར་དུ་ལག་པ་ཕྱིར་གཡོབ་བྱེད། ནང་དུ་གཡོབ་ན་ཞང་རྗེ་འོངས་པའི་རྟགས་ཡིན་པས་དེ་དུས་སྒོ་དྲུང་ཞང་རྗེ་སོད་ལ་ཤོགཅེས་སྨྲས་པ་བཞིན་ཞང་རྗེ་བསད་ཅེས་གྲགས་ལ། དེ་ལྟར་འབངས་གྱེན་ལོག་བྱེད་པའི་མེ་ལྕེ་དེ་བོད་ཡུལ་ཀུན་ལ་མཆེད་དེ་མཐར་བོད་ཀྱི་ཡུལ་ལྗོངས་ལ་ཁྲིམས་དང་ལུགས་སྲོལ་གང་ཡང་མེད་པ་མི་ངན་ཇག་པས་ཁེངས་པའི་ལུང་པ་ཞིག་ཏུ་ཆགས་ཏེ་སྤྱི་ལོ་877པའི་མེ་བྱ་ལོར་ཤུད་པུ་དང་སྟག་རྩེ་གཉགས་སོགས་རུས་ཚོ་ཆེ་བཞི་མཉམ་དུ་གྲོས་བསྡུར་བྱས་ནས་བཙན་པོའི་བང་སོ་རྣམས་གྱེན་ལོག་བྱེད་མཁན་གྱི་རུས་ཚོ་སོ་སོ་ལ་བགོ་བཤའ་བྱས་ཏེ་ཕལ་ཆེར་བྲུས། དེ་ཡང་གཉགས་ཀྱི་རུས་ཚོས་དོན་མཁར་མདའ་ཡི་བང་སོ་སྟེ། སྤུ་རྒྱལ་གདུང་རབས་ཁྲི་གཉན་གཟུང་བཙན་དང༌། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན་སོགས་ཀྱི་བང་སོ་བྲུས་པ་དང༌། ཤུད་པུའི་རུས་ཚོས་སེང་གེ་ཅན་ཏེ་ཁྲི་ལྡེའུ་གཙུག་བརྟན་གྱི་བང་སོ་བྲུས། གྲེང་དང༌། འཕྱོས་དང༌། ཁུ་བཅས་ཀྱི་རུས་ཚོས་འདུས་སྲོང་མང་པོ་རྗེའི་བང་སོ་བྲུས། སྙི་བའི་རུས་ཚོར་བཙན་པོ་མང་སྲོང་མང་བཙན་གྱི་བང་སོ་སྔོ་བཞེར་ཧྲལ་པོ་ཐོབ་སྟེ་འབྲུ་འཕྲོར་ལུས། སྲོང་བཙན་གྱི་བང་སོ་འབྲོ་དང་ཅོག་རོ་གཉིས་ཀྱི་རུས་ཚོར་ཐོབ་ཀྱང་མ་སྔོགས་པར་ལུས་ཡོད་པ་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་གསལ་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། བཙན་པོ་གཉིས་ལོ་ཉེར་གསུམ་རེ་ལོན་པའི་ས་གླང་ནས་བཟུང་སྟེ་འབངས་ཀྱི་ཁེང་ལོག་རྣམས་རིམ་པར་བྱུང་སྟེ།
དེ་ཡང་བར་སྣང་གི་བྱ་གཅིག་ལ་ཀུན་རུབ་པ་མཐོང་བ་ལ་དཔེ་བྱས། དང་པོ་དབའས་ཁོ་བཞེར་ལེགས་སྟེང་གིས་ལག་དཔོན་བྱས་ཏེ་མདོ་ཁམས་སུ་ཁེང་ལོག་བྱས། དེ་ནས་དབུ་རུར་འབྲོ་སྦས་འཁྲུག་པ་ལ་བརྟེན་ནས། དབའས་ཕོ་ལོ་ཕོ་ཆུང་གིས་ལག་དཔོན་བྱས་ཏེ་ཁེང་ལོག དེ་ནས་གཡོ་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དཔོན་གཡུ་སྣེ་བསད། རི་མགུལ་ལ་ཡུར་བ་བཅོས། འབེ་བཟའ་འ་མོ་སྐྱིད་བཙུན་མོར་མ་བསུས་པས་དེས་རི་མགུལ་ལས་མི་མགུལ་བཅད་པ་སླ་ཞེས་སྨྲས་ཏེ་མཆིམས་ཀོང་མི་དྲུག་གིས་ལག་དཔོན་བྱས། སྟར་ཀའི་མེ་ཏོག་སྲོད་ལ་འཆར་བ་བལྟ་བར་བསྙད་པས་འོད་འབར་ཁེང་ལྡོག་ཏུ་གྲགས་པར་བྱས། དེ་ནས་ཀོང་ཡུལ་བྲེས་སྣ་འབེ་མོའི་གཡོ་སྒྱུས་ཕབ་བོ།
། དེ་ཐམས་ཅད་ཀྱང་གནོད་སྦྱིན་བྲན་ཀ་དཔལ་ཡོན་གྱིས་བྱས་སྐད། ཡང་དེ་ཉིད་ལས། ཁེང་ལོག་ནས་ལོ་དགུ་པ་མེ་བྱ་ལ། ཤུད་པུ་སྟག་རྩེ་བ་སོགས་མི་བཞིས་གྲོས་བྱས་ནས་བང་སོ་རྣམས་བགོ་བཤའ་བྱས་ཕལ་ཆེར་བྲུས་ཏེ། གཉགས་ཀྱིས་དོན་མཁར་མདའ་ཡི་བང་སོ་བྲུས།
། ཤུད་པུས་སེང་གེ་ཅན་གྱི་བང་སོ་བྲུས། ། འཕྲུལ་རྒྱལ་བང་སོ་གྲེང་འཕྱོས་ཁུ་ཡིས་བྲུས། ། སྔོ་བཞེར་སྙི་བས་ཐོབ་སྟེ་འབྲུ་འཕྲོར་ལུས། ། སྲོང་བཙན་འབྲོ་ཅོག་གཉིས་ཀྱིས་ཐོབ་སྟེ་ལུས།
ཞེས་གསལ་བ་ལྟར་རོ། །