བློ་ཕུན 2013-02-27
བོད་ཀྱི་འཁྲུངས་སྐར་བཏང་སྲོལ་ནི། བླ་ཆེན་ཁག་གི་འཁྲུངས་སྐར་ཇི་ལྟར་བཏང་ཚུལ་ཕལ་ཆེར་རྣམ་ཐར་ཁག་ལས་རྒྱས་ཙམ་འབྱུང་། དེའི་ཚུལ་མདོར་ཙམ་སྨྲོས་ན། འཁྲུངས་སྐར་ཕུལ་ཡུལ་ཆེ་ཁག་ལ་ཚེ་དཔག་དང་སྒྲོལ་དཀར་ལྟ་བུའི་ཆོ་གའི་སྒོ་ནས་ཚོགས་མང་ཀྱིས་བརྟན་བཞུགས་ཚུལ་བཞིན་བསྒྲུབས། དེ་ནས་ཉི་མ་ཤར་བ་དང་དུས་འགྲིག་པར་བྱེད་དེ་འཁྲུངས་སྐར་ཕུལ་ཡུལ་ཕེབས་བསུ་བཅས་སྤྱན་དྲངས། དེ་ནས་ཁྲུས་གསོལ་སྔོན་དུ་འགྲོ་བས་སྐུ་གླུད་དང་མཁའ་འགྲོའི་སུན་ཟློག་བཏང་། དེ་ནས་མཎྜལ་བརྟན་བཞུགས་སྐུ་གསུང་ཐུགས་རྟེན་སོགས་འབུལ་ཚན། རྒྱས་ན་ཕུན་ཚོགས་ལྔ་ལྡན་སོགས་འབེལ་གཏམ། དེ་ནས་གསོལ་སྟོན་ལ་སྔོན་སྟོན་པ་ཐུབ་པའི་དབང་པོ་ལ་ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་བས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པའི་རྫས་ཞོ་འོ་སོགས་ཀྱིས་ཐོག་དྲངས་གྲོ་མ་དང་གྲོ་སོགས་ཁ་དྲོ་བའི་རྟེན་འབྲེལ་གྱིས་མཚོན་དཀར་སྤྲོ་སོགས་སྡེར་ཁ་བསྒྲིག། མཆོད་གར་སོགས་དགའ་སྤྲོའི་རྣམ་པའི་མཛད་སྒོ་བཏང་སྲོལ་ཡོད། ནང་བློན་ཁག་ལྟ་བུའི་མི་ཆེན་རྣམས་ཀྱི་འཁྲུངས་སྐར་མཛད་སྒོ་ལ། མཆོད་གནས་བླ་མ་ཆེ་ཁག་ཞིག་གདན་ཞུས་ཀྱིས་བདེ་ཞིང་སྐྱིད་ལ་ཚེ་རིང་བའི་རྟེན་འབྲེལ་དུ་ཚེ་དབང་ཞུ། དེ་ནས་སྐུ་མགྲོན་ཁག་ལ་གསོལ་སྟོན་དང་། དེ་དག་གིས་ཁ་དར་སྔོན་དུ་འགྲོ་བའི་ཕྱག་རྟགས་ཕུལ། དེ་ནས་གླུ་གཞས་སོགས་ཐུགས་སྤྲོ་བཏང་སྲོལ་མཆིས། དེ་འོག་རྣམས་ཆ་རྐྱེན་ལྟར་བླ་མཆོད་ཡོད་ན་ཚེ་དབང་ངམ་ཚེ་འགུགས་ལྟ་བུ་སྔོན་དུ་འགྲོ་བས་བཀྲ་ཤིས་དར་བཏང་། གསོལ་སྟོན་བཅས་ནང་མི་རྣམས་དགའ་སྤྲོའི་རྩེད་མོ་གང་རུང་ལ་རོལ་བཞིན་འདུག་སྲོལ་ཡོད། གྲོང་གསེབ་ཀྱི་ཡུལ་མི་ཕལ་ཆེར་རང་གི་སྐྱེ་སྐར་ནམ་ཡིན་ཙམ་ཡང་མི་ཤེས་མཁན་ཡོད། དེང་དུས་རྫོང་ཁར་སོགས་ཀྱི་ལོ་ཆུང་རྣམས་ཀྱིས་མི་རིགས་གཞན་གྱི་ལད་མོ་ཙམ་ལས་རང་མི་རིགས་ཀྱི་བྱེད་སྟངས་ཅི་ཡིན་ཙམ་ཡང་མི་ཤེས་མཁན་མང་འདུག། ཕྱིན་ཆད་མི་རིགས་རང་གི་ལུགས་ལྟར་སྐྱེ་སྐར་བཏང་བར་འདོད་ན་གོང་གསལ་ལྟར་བླ་མཆོད་གདན་ཞུས་ཀྱིས་ཚེ་དབང་ངམ་ཚེ་འགུགས་ཙམ་ཞུ།
དེ་ནས་གསོལ་སྟོན་སྐབས་ཆ་མཆོད་སྔོན་དུ་འགྲོ་བའི་བཀྲ་ཤིས་པའི་རྫས་ཞོ་དང་འོ་མ། ཁ་དྲོ་བའི་རྫས་གྲོ་དང་གྲོ་མ་སོགས་འཆོད་ན་རྟེན་འབྲེལ་བཟང་ཞིང་། མཐའ་ན་བླ་མཆོད་སོགས་མ་བོས་ཀྱང་། བཟའ་མི་ཡོངས་ནས་བཀྲ་ཤིས་བརྗོད། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག། ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་གསུམ་ཚོགས་པ་སྟེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །ལྟ་བུ་བསྒྲིག་འདོན་བྱེད། གསོལ་ཆས་སྔོན་ཇ་མཆོད། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །ཞེས་པ་ལྟ་བུ་འདོན། དེ་ནས་ཐུགས་སྤྲོ་བོའི་ངང་འདུས་སྡོད་བྱས་ན་དགེ་ཞིང་བཀྲ་ཤིས་པ་འབྱུང་ངོ་། །གནའ་བོའི་ཡུལ་འདིའི་ཇི་ལྟར་སྲོལ། །གཞོན་སྐྱེས་རྣམས་ལ་ངོ་སྤྲོད་དུ། །ཨ་མཚར་ཞོར་དུ་བྲིས་པ་འདིས། །སྲོལ་རྒྱུན་མི་ནུབ་རྒྱུར་གྱུར་ཅིག། །།ཅེས་རབ་གནས་ཆུ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་རྒྱལ་བ་གཉིས་པར་བློ་ཕུན་པས་ཡུལ་སྨན་ཤོད་དུ་བྲིས་པ་དགེ།།རྩོམ་གསར། 10