རོང་བྲག་གི་ཡུལ་སྲོལ།—རི་སྐོར།

        2011-10-25

རོང་བྲག་གི་ཡུལ་སྲོལ།—རི་སྐོར།

 རོང་བྲག་རྫོང་ཁོངས་ཀྱི་བྲག་སྟེང་ཤང་ནི་བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་ཞིང་།གནས་ཡུལ་འདིར་སྔ་མོ་ནས་སྟོན་དཔྱིད་གཉིས་ཀྱི་དུས་སུ་གནས་རི་བསྐོར་ནས་ལྷ་གསོལ་བྱེད་སྲོལ་ཡོད་པ་རེད། གནས་རི་སྐོར་བར་འགྲོ་སྐབས་གྲ་སྒྲིག་མང་པོ་བྱ་དགོས་ཏེ།དང་ཐོག་སོ་སོས་སྣག་ཚ་དང་པར་ཤིང་བཟོས་ནས་ཤོག་བུ་གྲུ་བཞི་མའམ་གྲུ་བཞི་ནར་མོ་ཁ་དོག་སྣ་ཚོགས་ལ་པར་བཏབ།དེ་དག་སྤྱིར་བཏང་དུ་རྒན་རྒོན་རྣམས་ཀྱི་ཕྱག་ལས་ཡིན།ཆུ་ལེན་པ་དང་རྡོ་དཀར་གོང་སྒྲུག་རྒྱུ་ནི་ལོ་ཆུང་བ་རྣམས་ཀྱི་ལས་ཀ་ཡིན་ཞིང་།ཕར་འགྲོ་ཚུར་འོང་བྱེད་ཐེངས་གཅིག་ལ་ལེ་དབར་བཅོ་ལྔ་བཅུ་དྲུག་ཙམ་ཡོད།ཆུ་ལེན་མཁན་མང་བོས་རུ་སྟར་རིང་པོ་སྒྲིག་དགོས་པར་མ་ཟད།ཆུ་ཁུར་ནས་ཕྱིར་ལོག་སྐབས་ལམ་བར་གྱི་བྲག་ཕུག་དག་ལ་དར་ལྕོག་སྒྲོག་པ་དང་།རྡོ་དཀར་གོང་འཇོག་པ།ཆབ་ཕུད་གཏོར་བ་སོགས་གྲོང་དཀྱིལ་གྱི་མཆོད་རྟེན་ཡོད་སར་མ་སླེབས་བར་དེ་ལྟར་བྱེད་ཀྱི་ཡོད་པ་རེད། ལུགས་རྙིང་གི་ཟླ་བ་བཞི་པའི་ཚེས་བཅུ་གཉིས་ཉིན་ཞོགས་པ་སྔ་མོ་གནས་དུད་ཚང་ཚང་མས་ལྕོག་ཁང་ཐོག་བསང་གཏོང་ཞིང་།གནས་རི་སྐོར་བར་འགྲོ་མཁན་རྣམས་ཀྱིས་དར་ལྕོག་དང་།མཆོད་མར།མཆོད་རྫས་མེ་ཏོག མཆོད་འབྲུ། མཆོད་རྩལ་སོགས་གནས་རི་སྐོར་བར་འགྲོ་མི་ཐུབ་པའི་རྒན་རྒོན་དང་ཕྲུ་གུ་རྣམས་ལ་དབུ་གཏུག་བྱེད་དུ་བཅུག་ནས་ཁྱིམ་ཚང་ཀུན་གྱི་གནས་རི་སྐོར་སེམས་ཡང་དག་མཚོན་པར་བྱེད།བསང་གི་དྲི་ངད་གྲོང་ཚོ་ཡོངས་སུ་འཐུལ་བའི་སྐབས་གནས་རི་སྐོར་བར་འགྲོ་མཁན་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་སྟར་རིང་མོ་བསྒྲིགས་ཏེ་ལམ་ལ་ཆས།ལམ་བར་མི་རྣམས་ཀྱིས་གསོལ་བ་སྨོན་ལམ་འདེབས་བཞིན་དུ་ལམ་བར་སྤོས་སྤོར་ས་དང་རྡོ་དཀར་གོང་འཇོག་ས་སང་ཐང་ཤིང་ཡོད་ས་ཚང་མར་དར་ལྕོག་འཛུགས་པ་དང་།རྡོ་དཀར་གོང་འཇོག་པ།ཆབ་ཕུད་གཏོར་བ་སོགས་བྱེད།ཕོ་གསར་ཚོས་ལྷ་གསོལ་ལོ།ལྷ་གསོལ་ལོ་ཞེས་སྐད་གསང་མཐོན་པོས་བོད་རྗེས་ཕྲུ་གུ་དང་བུད་མེད་རྣམས་ཀྱིས་ཀྱང་དེ་བཞིན་འབོད།ཚང་མ་གནའ་རིའི་རྩེ་མོར་འབྱོར་མ་ཐག་ཤིང་སྡོང་ཆེན་མོའི་ཡལ་གའི་ཐོག་ཏུ་དར་རས་སྒྲོག་ནས་མི་རྣམས་ཀྱིས་དད་སེམས་མཚོན་གྱི་ཡོད་པར་མ་ཟད་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མི་འབྱུང་བ་དང་འབྲུ་ལྔ་སྨིན་པར་སྐྱབས་འཇུག་ཞུ་བཞིན་ཡོད།རི་རྩེའི་བསང་གཏོང་སའི་འགྲམ་དུ་མི་རྣམས་དང་མཉམ་དུ་ཕེབས་པའི་སེར་མོ་བ་རྣམས་ཀྱིས་ཀྱང་མར་གཏོར་སྣ་ཚོགས་བཟོས་ཏེ་ལྷ་ལ་གསོལ་མཆོད་འབུལ་བ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ལམ་འདེབས།དེའི་རྗེས་སུ་ཁོང་ཚོས་མར་གཏོར་དང་དུད་ཚང་སོ་སོས་ཁྱེར་ཡོང་བའི་བསང་གཏོང་བྱེད་སྣུམ་དང་མཆོད་རྩལ་སོགས་མཆོད་རྟེན་གྱི་ནང་དུ་བཅུག་ནས་གསོལ་བ་འདེབས།གནས་རི་སྐོར་བར་ཡོང་བའི་དད་ལྡན་ཕོ་མོ་ཚོས་བསང་དུ་འཕྱུར་བ་དང་བཅས་ཏེ་རི་རྩེ་དང་མཆོད་རྟེན་སྐོར་བཞིན་དུ་དམངས་ཁྲོད་དུ་དར་བའི་ལྷ་གསོལ་སྨོན་འདེབས་བྱེད།ཕྲུ་གུ་རྣམས་ཀྱིས་སྐོར་བ་སྐོར་བཞིན་དུ་དུང་རྒྱ་གླིང་གཏོང་།སྐྱེས་པ་རྣམས་ཀྱིས་ལྷ་གསོལ་སྨོན་འདེབས་བྱེད་སྐབས་བུད་མེད་རྣམས་ཀྱིས་ཀྱང་རམ་འདེགས་བྱས་ནས་སྒྲ་གདངས་ཇེ་མཐོར་བཏང་བས་གནས་རི་ཡོངས་རྫོགས་བྲག་ཅས་ཐེངས།ཕྱི་དྲོའི་ཆུ་ཚོད་གཉིས་པ་ཙམ་ལ་དུད་ཚང་གཉིས་རེ་གསུམ་རེ་སྒོར་སྒོར་བྱས་ནས་བསྡད་དེ་སོ་སོས་ཁྱེར་ཡོང་བའི་ཆང་རག་དང་ཤ།ཁ་ཟས་སོགས་ཕན་ཚུན་གཏོང་རེས་བྱས་ནས་མཉམ་དུ་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད།
 དཔྱིད་ཀྱི་དུས་སུ་གནས་རི་སྐོར་བར་འགྲོ་བ་ནི་རྒྱལ་རོང་ས་ཁུལ་དུ་དར་བའི་གོམས་སྲོལ་ཞིག་ཡིན་རུང་།ས་གནས་སོ་སོའི་གནས་སྐོར་འགྲོ་བའི་དུས་ཚོད་མི་འདྲ།ས་གནས་མང་ཆེ་བས་གྲོའི་སྙེ་མགོ་ཐོན་པ་དང་ས་གཞི་ཆེན་པོ་སྔོ་ལྗང་དུ་གྱུར་ཞིང་སྟག་མ་མེ་ཏོག་བཞད་པའི་དུས་སུ་གནས་རི་སྐོར་བར་འགྲོ་སྲོལ་ཡོད།གངས་དབང་གིས་པར་བླངས།
 

  • ལེ་ཚན་སྔོན་མ།:མི་ཉག་ཡུལ་སྲོལ་གྱི་གཉེན་སྒྲིག་གོམས་སྲོལ།
  • ལེ་ཚན་རྗེས་མ།:འབྲོག་པའི་ཆ་ལུགས།