ཞི་ཆུང་། 2019-06-10
ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་། བོད་མི་རིགས་ཀྱི་རང་བྱུང་ཁམས་ལ་འཐབ་རྩོད་ཞུམ་མེད་བྱས་ཏེ། རང་ཉིད་འཚོ་སྡོད་བྱ་བའི་ཆ་རྐྱེན་ལེགས་བཅོས་བྱ་བའི་བརྒྱུད་རིམ་ནང་། གནམ་གཤིས་དྲོ་གྲང་དང་དུས་བཞི་འཕོ་འགྱུར་བརྟག་དཔྱད་ཐད་དུ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་མངའ་བས་མ་ཚད། དམངས་ཁྲོད་དུ་ཁྱབ་ཆེ་ལ་མི་རབས་ནས་མི་རབས་སུ་གཙང་བོའི་རྒྱུན་བཞིན་མཆིས། གནམ་གཤིས་དེ་མི་རྣམས་ཀྱི་འཚོ་གནས་དང་འབྲེལ་བ་ཧ་ཅང་ཆེ་བའི་དབང་གིས། མི་ཚོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཉམས་འཇོག་བྱེད་ཀྱིན་ཡོད། གནམ་གཤིས་འཕོ་འགྱུར་ལ་བརྟགས་ནས། རང་གི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱེད་པར་བརྟེན། འབྲོག་ཁུལ་དུ་ཡང་དེ་མཚུངས་པའི་གནམ་གཤིས་བརྟག་ཚུལ་མང་ཙམ་ཆགས་ཡོད། སྤྱིར་གསེར་རྟ་དང་ཨ་མདོ་སོགས་འབྲོག་ཁུལ་གྱི་གནམ་གཤིས་བརྟག་ཚུལ་ཕལ་ཆེར་གཅིག་མཐུན་ཡིན་མོད། འོན་ཀྱང་ས་གནས་རེ་ལ་ངག་རྒྱུན་ཐ་དད་འགའ་ཡང་ཡོད་དོ། །
འབྲོག་པའི་གནམ་གཤིས་བརྟག་ཐབས་གཙོ་བོ་ནི། ལོ་གཅིག་ཟླ་བ་བཅུ་གཉིས་དང་དུས་བཞི་ཡི་འགྱུར་ལུགས། ཉི་ཟླ་སྐར་གསུམ་འཁོར་འགྲོས། ཕྱུགས་ཟོག་གི་ཤ་ཤེད་རྒྱས་ཚད། སྐྱེ་ལྡན་ཆོས་ཉིད་རི་ཐང་གི་ཁ་དོག བྱ་བྱེའུ་ཡི་གནས་བརྗེ་སྤོས། གནམ་གཤིས་དྲོད་གྲང་དང་དབྱར་དགུན་སྟོན་དཔྱིད་སོ་སོར་རླུང་རྒྱུ་བའི་ཕྱོགས་དང་། སྤྲིན་རྒྱུ་ལུགས་ཁ་དོག་གི་དབྱེ་བ། གནམ་འབབ་ལུགས་དང་དེངས་ཚུལ་སོགས་ལ་དཔྱད་ནས། དུས་བཞི་ཚད་འཛིན་དང་གནམ་གཤིས་འགྱུར་ལྡོག་ཏུ་སྔོན་དཔག་གཞིགས་ནས། འབྲོག་ལས་ཐོན་སྐྱེད་དང་རང་གི་བྱ་བ་གང་རུང་བཀོད་སྒྲིག་བྱ་རྒྱུ། དཔེར་ན་ལོ་འཁོར་ཟླ་བ་བཅུ་གཉིས་ཀྱི་དང་པོ་ནས་བཅུ་གཉིས་དེར། འབྲོག་པས་སོ་སོའི་མིང་ལ་བྱ་ཟླ། ཁྱི་ཟླ། ཕག་ཟླ། བྱི་ཟླ། གླང་ཟླ། སྟག་ཟླ། ཡོས་ཟླ། འབྲུག་ཟླ། སྦྲུལ་ཟླ། རྟ་ཟླ། ལུག་ཟླ། སྤྲེལ་ཟླ་ཞེས་བརྗོད། དེ་དག་རེ་རེ་བཞིན་རང་བྱུང་འགྱུར་ལྡོག་སྤྱི་ཙམ་བརྟག་ཚུལ་འདི་ལྟ་སྟེ། བྱ་ཆུ་ནག་མས་ལམ་བསལ་བྱ་ཆུ་ནག་ལམ་ནག ཁྱི་པོ་ཐོ་ཁ་སེ། ཕག་རི་སྐྱ་ཐང་སྔོན། བྱི་རི་སྔོན་ཐང་སྔོན། གླང་རྩྭ་སྨྱོ་ཆུ་སྨྱོའམ་གླང་ཆུ་བྲུག་འོ་བྲུག་གམ་གླིང་སྙེ་མཐོང་། སྟག་རྟ་བོ་འོད་འབར་རམ་སྟག་ཁྲ་དམར་ཙིག་གེ ཡོས་ཁྲ་མོ་ནས་ཟན། འབྲུག་ཤིང་ལོ་རླུང་ཁྱེར། སྦྲུལ་རྔ་མ་འཁྱག་འབྱར། རྟ་ཆུ་འགྲམ་དར་ཆག ལུག་ཁ་བཤུད་སྣ་ཆད། སྤྲེལ་ས་འགས་རྡོ་གད། གོང་སྨོས་ནི་ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་སྤྱི་ཡི་དྲོད་གྲང་འགྱུར་ལྡོག་ངག་རྒྱུན་ལྟར་ཡིན།
གཞན་ཡང་དུས་ཚིགས་དང་ཟླ་རེ་རེའི་ནང་གི་བྱེ་བྲག་གནམ་གཤིས་འགྱུར་ལྡོག་ཀྱང་དམངས་ཁྲོད་དུ་བཤད་སྲོལ་མང་ཙམ་ཡོད་པ་ལས། འདིར་དཔེ་མཚོན་ཙམ་བཀོད་ན། བྱ་ཟླའི་ནང་རླུང་ཅུང་ཆེ་བར་གྱུར་བ་ལ་བྱ་ཐལ་སྦུད་ཀྱི་དུས་ཟེར་ལ། ཁྱི་ཟླའི་ནང་ཁ་བ་བབས་ན་ཆེ་ངེས་པར་ཡིན་པས་ཁྱི་ཟླའི་གངས་རྒན་དང་། ཕག་ཟླ་ཉི་མ་རིང་ཞིང་ཉི་རླུང་གཡུག་སྲིད་པས་ཕག་མཛོ་བོའི་ནང་ལྕི་ནུབ་འབུད། ཕག་ཟླའི་མར་ངོས་ས་དྲོས་པར་བཤད། བྱི་ཟླའི་ནང་ཉིན་འགར་ཁང་མ་ཆར་འབབ་སྲིད་པར། བྱི་བ་ངུ་ཡུ་དང་ཁང་ཆེན་བབ་པར་ཁུ་བྱུག་ཤིང་གཅོག ཉིན་འགར་གནམ་དེངས་དུས་ཉི་དྲོད་ཅུང་ཆེ་བར་ཁུ་བྱུག་རྡོ་གྱོང་ཟེར།བྱི་མཐའ་གླང་མགོར་ཁང་ཆེན་བབ་པར་མཐིང་རིལ་སྦྲ་སློག་ཡང་སྨིན་དྲུག་རྔ་ཚུབ་དང་། བུ་ཡུག་ཁྲ་མོ་ཁྱིམ་འཛུལ་མ་ཞེས་གནམ་གཤིས་འགྱུར་ལྡོག་མང་ངོ་། ། གླང་ཟླའི་ནང་གནམ་ཡུན་རིང་འབབ་པ་དང་། ཆུ་ལོག་གི་གནོད་སྲིད་པ་ལ་གླང་ཟླའི་ཞོད་རིང་དང་གླང་རྒན་པོས་ས་བཤིག་རྡོ་བཤིག སྟག་ཟླའི་རྐྱང་ཐང་མིག་དམར་ཞེས་གནམ་དེངས་ཤང་ཉི་མ་དྲོ། ཟླ་མཇུག་ཏུ་ཅུང་གྲང་བར་གྱུར་དེར།སྟག་ཟླའི་ཙད་པ་ཞག་བདུན། བ་རྔ་ཉག་གཅིག་འཁྱག་གིས་བཟུང་། དེ་བཞིན་དུ་སྟོན་ཟླ་གསུམ་ལའང་སྟོན་ཞོད་སྟོན་ཐང་ཁྱུང་ངོ་ནག་སོགས་མང་ཙམ་ཡོད། རྟ་ཟླ་ནས་བཟུང་ཡུལ་ཐམས་ཅད་གྲང་ངར་གྱིས་འགོ་བཟུང་མོད། གནམ་ཐང་དུས་ཉི་དྲོད་ཅུང་ཆེ་བའི་སྐབས་རེ་ཡོད་པར་རྟ་ཟླའི་པགས་མཉེད་ཟེར། སྦྲུལ་ཟླའི་མར་ངོས་ནས་ས་ཐམས་ཅད་འཁྱག་གིས་བཟུང་། ལུག་སྤྲེལ་གཉིས་ནི་ལོ་གཅིག་གི་ནང་ཆེ་གྲང་ངར་ཆེ་བའི་དུས་ཡིན་ལ། སྤྲེལ་ལུག་གི་སྒང་ཟེར་དུས་འབྲོག་མི་ཀུན་ལ་འཁྱག་སྣང་ཞིག་སྟེར་སྲིད། ལུག་ནག་རིལ་མ་ཆུ་ལ་ཉིན་དར་འདུག་ཅེས་དང་། སྤྲེལ་ཟླའི་མར་ངོས་ས་དྲོད་ཅུང་ཙམ་རྒྱུ་སྲིད་པར། སྤྲེལ་ཟླའི་ཡར་ངོས་མཛོ་བོའི་རྭ་གད། མར་ངོས་ཕག་མོའི་མཆུ་དྲོས་ཟེར་སྲོལ་ཡོད།
གཞན་ཡང་སོས་ཀ་ལ་གནམ་གཤིས་དྲོད་གྲང་དང་གནམ་ཐང་རུང་འགྱུར་ལྡོག་ཤིན་ཏུ་མང་བས། མི་རྣམས་ཀྱི་ངག་རྒྱུན་ལ། སོས་ཀའི་གནམ་ལ་རྟག་རྟག་མེད། བག་མའི་བརྒྱན་ཆ་རྟག་རྟག་མེད་ཅེས་དང་། དཔྱིད་ཉི་ཞིག་ལ་དྲོ་གྲང་གསུམ། མི་ཚེ་ཞིག་ལ་སྐྱིད་སྡུག་གསུམ་ཞེས་པའི་དཔེ་ལྟར་རོ། ། དཔྱིད་བྱ་སྣ་བྱེའུ་སྣ་ཞེས་པར་ཉིན་རེར་ཁ་བ་ཆུང་ཆུང་ཐེངས་མང་འབབ་པར་བྱ་སྣ་འོལ་བས་ཁྲིད། བྱ་གཞུག་མཐིང་གིས་རྫོགས་ཞེས་ཟླ་གཅིག་གཉིས་རིང་ལ། དགུན་གསུམ་དྲོད་ཡུལ་བསྙེགས་པའི་བྱ་བྱེའུ་རིགས་སླར་མཐོ་སྒང་དུ་སླེབས་དུས་ཁ་བ་འབབ་བཤད་དོ། ། ཕྱུགས་ཟོག་གི་ཤ་ཤེད་ཡང་དུས་དང་བསྟུན་ནས་རིམ་བཞིན་འགྱུར་སྲིད། བྱ་འོལ་བ་སླེབས་ཚེ་ཕྱུག་ཟོག་གི་ཤ་ཤེད་ཆེས་ཞན་དུས་ཡིན་ལ། གཏམ་དཔེ་ལ་བྱ་འོལ་བས་གཤོག་འདབ་མི་ཁྱག ལུག་བརྒྱས་གྲི་མི་ཁྱག རྟ་བརྒྱས་སྒ་མི་ཁྱག་ཟེར། བྱ་ཁུ་བྱུག་གྲགས་དུས་ཕྱུགས་ཟོག་གཉིད་ལས་སད་པ་བཞིན། ཤ་ཤེད་རྒྱས་པའི་འགོ་བཟུང་བ་ཡིན་པར་བཤད། གླང་མཇུག་སྟག་མགོ་རུ་ཕྱུགས་ཟོག་ཤ་ཤེད་ཅུང་རྒྱས་སྐབས་སུ། སྤེན་མའི་མེ་ཏོག་བུད་དུས་གཡག་སྐམ་བཤའ་ཟེར། སྟོན་དུས་བྱ་ཁྲུང་ཁྲུང་ལྷོ་རུ་འཕུར་དུས་ཡང་། ཁྲུང་ཟླ་ངོ་ནག་ཅེས་གནམ་གཤིས་འགྱུར་ལྡོག་ཆེ་ལ་ཁ་ཆར་འབབ།
སྤྲིན་རླུང་ཐད་གནམ་གཤིས་བརྟག་དཔྱད་ལ་ཡང་བཤད་སྲོལ་འདི་ལྟར་ཡོད་ལ། སྤྲིན་ཁ་སེར་ཁོག་པ་ཆུ་ཡི་ཁེངས། གནམ་དོ་ནུབ་མི་འབབ་སང་ཉིན་འབབ་ཅེ་ན། དབྱར་དགོང་མོ་ནུབ་ལྷོ་ཕྱོགས་སུ་མཐའ་སྤྲིན་ཁ་སེར་ཆགས་པར་འདོད། དགུན་ནངས་དུས་སྤྲིན་དམར་རླུང་ཡིན། ཤར་རྒན་མོའི་ཀླད་པ་ཐེད་ཟེར། ནུབ་རྒན་པོའི་སྦྲ་མཐའ་བཀྱག་ཅེས་པ་གནམ་དཀྱིལ་གོར་གོར་ཐང་ནའང་སླར་འབབ་པར་ངེས། གནམ་མཐའ་ཐང་ན་མི་འབབ་ཟེར། ཐང་སྤྲིན་མགོ་ཡོ་ཞེས་པ་གནམ་མཐའ་སྤྲིན་ལོག་ཆེན་པོ་ཐ་ཐོར་དཀར་ནག་ འཐབ་མ་ཆགས་པ་དང་ཡང་ན་སྤྲིན་འཇའ་ཤར་ན་གནམ་ཐང་རྟགས་ཡིན། ནུབ་ཏུ་སྤྲིན་ཁ་མདོག་ཤིན་ཏུ་ནག་ལ་རྒྱ་ཆེ་བ་འཕྱུར་ན། སེར་བ་དང་དྲག་ཆར་ཡང་ན་ཆར་ཡུན་རིང་དུ་འབབ། དགུན་དུས་ཡིན་ན་ཁང་ཆེན་འབབ་པར་བཤད། གནམ་དུ་སྤྲིན་སྡུག་པོ་ཆགས་རུང་འཐོར་རླུང་གཡུག་ན་གནམ་མི་འབབ། ལྷོ་རུ་ཆར་སྤྲིན་འཐིབ། རྒྱང་རིང་འབྲུག་སྒྲ་ལྷུང་ལྷུང་གྲགས་ན་གནམ་འབབ་ཡུན་རིང་ཞེས་སོ། ། གཞན་ཡང་རླུང་གི་རྒྱུ་ཕྱོགས་སུ་མཚོན་ན། དགུན་ནུབ་རླུང་རྒྱུ་བའི་དུས་ཡུན་རིང་པར། དགུན་ཟླ་གསུམ་ལ་ཡར་འགྲོ་སྡུག་ཟེར། དབྱར་ཤར་རླུང་ཡང་ན་ལྷོ་ཤར་རླུང་སྐོར་རླུང་གཡུག་ན་ཆར་འབབ་པ་དང་། རླུང་ཕྱོགས་ངེས་གཏན་མེད་པར་ཆུས་རླུང་ཞེས་པ་ཡང་ཆར་འབབ་རྟགས་ཡིན་པར་བཤད། ནངས་དུས་གནམ་རུབ་པ་དང་རླུང་ཡང་ཤིན་ཏུ་འཁྱག་ན། ཡུལ་ངན་སྔོན་འགྲོ་ཞེས་གནམ་མི་འབབ། དགུན་དུས་རླུང་ཆེ་ལ་ཡུན་རིང་རུང་། ཉི་ནུབ་རླུང་འཇམ་ཞེས་ཉི་མ་ནུབ་པ་དང་མཉམ་དུ་རླུང་མེད་དོ། དཔྱིད་དུས་ཁངས་རྒྱབ་ཀྱི་རླུང་ཡང་གྲང་ངར་ཆེ་བར་དཔྱིད་མུག་ཙག་ཁ་ཚ་ཟེར།
ཆར་འབབ་ལ་མཚོན་ན། དྲག་ཆར་ཐང་སླ། སྨུག་ཆར་ཡུན་རིང་། ཆར་ཤ ལྡུམ་བུ་ལོག་ཆར་གླེན་པ་ངུ་ངུ་། ཆར་ཉི་ཀླད་ཚིག དཀར་ཞོད། ཅས་ཤག ཉི་མ་ཆུ་འཐུང་། སྤྲིན་སིལ་སོགས་ཆར་བབ་ཚུལ་ལ་བརྟག་ནས། འབབ་ཡུན་རིང་ཐུང་གི་རྣམ་གྲངས་ཡོད། ཡང་ཁ་བ་ལ་མཚོན་ན། ནམ་ལངས་ཁ་བ་མུན་ལ་གཏུག ནོར་བཏག་ཁ་བས་ནོར་རྒྱབ་མི་སྐྱ། སྟོན་ཁུ་འཕངས་ཤ་བོའི་རྭ་མི་རིག དཔྱིད་ཁུ་འཕངས་ཡུ་མོའི་ཚེས་ཁེ་མི་ནུབ། ཁང་བབ་དུས་མི་འཁྱག་ཞི་དུས་འཁྱག ཁང་སྐྱ་ཐུལ་ཞིག་ལ་ཁང་ངར་དགུ་ཞེས་དང་། དགུན་འབབ་དྲོད་ལ་འབབ། དབྱར་འབབ་འཁྱག་ལ་འབབ་སོགས་སོ། ། དེ་མིན་དབྱར་གནམ་མཐར་སྤྲིན་ནག་གཏིབ་དུས་ཕྱུགས་ཟོག་གིས་རླུང་སྣོམ་བྱས་ན་སེར་བ་འབབ། བེའུ་ལིས་རྩེད་ཞོག་བྱས་ན་གནམ་འབབ། འཇའ་སྣེ་སྤང་དུ་ཟུག་ན་ཆར་ཡུན་རིང་འབབ། སྨུག་ཆེན་ཁོག་ཏུ་ཆགས་ན་ཉི་དྲོད་ཆེ་ཟེར། དགུན་བྱེའུ་ཁྱུས་སྐོར་འཕུར་བྱས་ན་ཁང་ཆེན་འབབ། དཔྱིད་འབྲུག་ཐོག་མར་གྲགས་དུས། འབྲུག་གི་ཁ་སྐམ་རློན་ཞེས་ཁང་ཆེན་བབ་ན་ལོ་དེའི་ནང་གནམ་ཞོད་ཆེ་བར་བཤད་པ་ལས། འདིར་ཡོད་ཚད་རྔོ་མི་ཐོགས་སོ། །མདོར་ན་འབྲོག་མི་ཉམས་མྱོང་ཅན་རྣམས་ཀྱིས། གོང་གསལ་སོགས་ཀྱི་གནམ་གཤིས་བརྟག་ཚུལ་ལ་བརྟེན་ནས། དུས་བཞི་དང་གནམ་གཤིས་འགྱུར་ལྡོག་ཕལ་ཆེར་ཤེས་ནུས་ལ། གནམ་གཤིས་སྔོན་བརྡ་ཡང་གཏོང་ནུས་སོ། །
རྩོམ་གསར། 10