ང་རང་སྤྱི་ལོ་༡༩༦༤ལོར་ཡུལ་ཤུལ་རྫོང་ཨ་ཁྲོ་སྐྱེས་ལྷ་གྲོང་དུ་སྐྱེས། ངའི་ཡབ་ནི་སྲོལ་རྒྱུན་ལྷ་སྐུ་འཇིམ་བཟོ་དང་ཐང་ག་རི་མོའི་སྒྱུ་རྩལ་པ་ཕུལ་དུ་བྱུང་བའི་སྒྱུ་རྩལ་པ་ཞིག་ཡིན། ཁྱིམ་ཚང་རིག་གནས་ཀྱིས་ཤན་ཞུགས་གྱིས་ཆུང་དུས་ནས་ང་དང་རི་མོའི་སྒྱུ་རྩལ་བར་ལ་བག་ཆགས་ཟབ་མོར་གྱུར། མི་རིགས་དགེ་ཐོན་སློབ་གྲྭར་བསླབ་གཉེར་བྱེད་སྐབས། ངའི་བསླབ་ཚན་ཁག་གི་སྦྱོང་འབྲས་འཛིན་གྲྭ་ལས་རྩེར་སོན་པ་མ་ཟད། རི་མོ་འབྲི་བ་ནི་ངའི་དམིགས་སུ་བཀར་བའི་ཡོན་ཏན་ཞིག་ཡིན། སྤྱི་ལོ་༡༩༨༦ལོར། ང་རང་ཤིས་ཨན་རི་མོ་སྒྱུ་རྩལ་སློབ་གླིང་གི་འཇིམ་བཟོ་ཚན་ཁག་དང་། ནུབ་བྱང་མི་རིགས་སློབ་གླིང་གི་སྣུམ་ཚོན་རི་མོའི་ཆེད་ལས་གཉིས་ལ་ཐོ་འགོད་བྱས་ཏེ་རྒྱུག་ལ་ཞུགས། ཤིས་ཨན་རི་མོ་སྒྱུ་རྩལ་སློབ་གླིང་གིས་ནུབ་བྱང་ཞིང་ཆེན་ལྔར་ཁ་ཕྱོགས་ཏེ། རྒྱུག་ཞུགས་སློབ་བུ་ཉིས་བརྒྱ་ལྷག་ལས། ང་ནི་བུ་མོ་སློབ་མ་གཅིག་པུ་ཡིན་ལ་རི་མོ་སྒྱུ་རྩལ་ཐད་ལ་ཟབ་སྦྱོང་གཏན་ནས་བྱེད་མ་མྱོང་མཁན་གཅིག་པུའང་ཡིན། རྒྱུག་ལེན་ཁྲོད་ཆེད་ལས་རྒྱུག་འབྲས་ཨང་དང་པོ་ཐོབ་པས། རྒྱུག་སྤྲོད་ལྟ་ཞིབ་ཀྱི་དགེ་རྒན་ཚང་མ་ཧ་ལས་པའི་གནས་སུ་གྱུར། ནུབ་བྱང་མི་རིགས་སློབ་གླིང་གི་སྣུམ་ཚོན་རི་མོ་རྒྱུག་སྤྲོད་ལས་ཨང་གཉིས་པའི་རྒྱུག་འབྲས་ཐོབ་ཕྱིར་སློབ་གྲྭ་གཉིས་ཀས་སློབ་ཞུགས་བསྡུ་ལེན་གྱི་བརྡ་སྦྱོར་ཐོན། གཞུག་མར་ངས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྣུམ་ཚོན་རི་མོའི་ཆེད་ལས་བདམས། སློབ་ཆེན་སྐབས་ངས་ནུབ་ཕྱོགས་དང་རང་རྒྱལ་གྱི་རི་མོའི་སྒྱུ་རྩལ་དང་། སྒྱུ་རྩལ་དང་འབྲེལ་བའི་གྱི་སྙན་ངག་དང་རྩོམ་རིག རོལ་དབྱངས། ཞབས་བྲོ་སོགས་གཞུང་ལུགས་མང་པོ་མཇལ་བའི་སྐལ་བ་རྙེད། ༡༩༩༠ལོར་ཤེས་རམས་པའི་སློབ་མཐར་ཕྱིན་ཏེ་ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ལས་བགོས་བྱས། ༡༩༩༣ལོར། རང་ཉིད་ཀྱི་ཆེད་ལས་མུ་མཐུད་ཇེ་ལེགས་སུ་གཏོང་བར་རྒྱ་གར་དུ་སོང་། དེར་ངས་བོད་རྒྱུད་ནང་བསྟན་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྐོར་ལ་སློབ་འདོད་བྱུང་ལ། རང་ཉིད་སློབ་ཟིན་པའི་རིག་གནས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འདུན་པ་དྲགས་པོ་སྐྱེས། ཕལ་ཆེར་ལོ་བཅུ་བཞིའི་རིང་དུ་ངས་TCVལ་བཟོ་རྩལ་གྱི་སློབ་ཁྲིད་མྱོང་ལ། རྩོམ་སྒྲིག་བྱས་པའི་སློབ་དེབ་ལ་བར་བཅུག་རི་མོ་བྲིས་མྱོང་། ནོར་བུ་གླིང་ཁའི་དེང་རབས་རི་མོའི་སྒྱུ་རྩལ་པུའུ་ལ་སྒྱུ་རྩལ་གྱི་མཛུབ་བྱས་ཏེ། རི་མོའི་སྒྱུ་རྩལ་པ་བདུན་ལ་ཕུལ་བྱུང་རི་མོའི་སྒྱུ་རྩལ་པ་གསེར་གྱི་རྟགས་མ་ཐོབ། ༢༠༠ལོར། ཨ་རི་ཧཱ་ཧྲེང་ཏུང་གིས་སྤེལ་བའི་“༢༠༠༠. Smithsonian,folklife fesrival ལ་གདན་ཞུས་ལྟར་ཚོགས་འདུར་ཞུགས། དེའི་སྐབས་སུ་ངའི་བརྩམས་ཆོས་ལ་ཨ་རིའི་གྲོགས་པོ་དག་གི་གདེང་འཇོག་ཚད་མཐོན་པོ་ཐོབ། ༢༠༡༤ལོར། ཧྥ་རན་སིས་སྤེལ་བའི་“TIBT76’emefoirexpo de Nior”དང་ཧི་མ་ལ་ཡའི་རིག་གནས་འགྲེམ་སྤེལ་དུ་ཞུགས་ཏེ། “FOIREINTERNATIONALE DE NANCY”ཚོགས་ཐོག་ཏུ་གསར་འགྱུར་ཉིན་རེ་ཚགས་པར་ཁང་གིས་སྔ་ཕྱི་ཐེངས་ལྔ་བཅའ་འདྲི་དང་ངའི་སྒྱུ་རྩལ་གྱི་སྐོར་ཐད་གཏོང་བྱས། ཧྥ་རན་སིའི་གྲོགས་པོ་དག་གིས་ངའི་རི་མོར་འདེང་འཇོག་མཐོན་པོ་བྱས། ངའི་སྒེར་གྱི་རི་མོ་འགྲེམ་སྟོན་སྐབས་དང་པོ་དེ། རྒྱ་གར་དྷ་རམ་ས་ལའི་ཨ་མྱེས་རྨ་ཆེན་རིག་གནས་ཞིབ་འཇུག་ཁང་གི་རོགས་སྒྲུབ་འོག་སྤེལ། རི་མོའི་པར་དེབ་བོར་ཟིན་པའི་ལོ་ཟླའི་ཁྲོད་ཀྱི་རྨི་ལམ་ཞེས་པ་དཔར་སྐྲུན་བྱས།
རྒྱ་གར་དུ་འཚོ་བཞུགས་སྐབས། ངས་ནུབ་ཕྱོགས་ཀྱི་གནའ་རབས་སྣུམ་ཚོན་རི་མོའི་སྐོར་ཚོད་བགམ་བྱེད་ཞོར། ཅན་ཐོ་ལོའི་སྒྱུ་རྩལ་འཇིམ་བརྐོས་ཐད་ལ་ཞིབ་འཇུག་གི་སྤྲོ་བ་འཕེལ། དེ་དང་མཉམ་དུ་རྒྱ་གར་དཔལ་ཡོན་རྒྱལ་ཁབ་ཀྱི་རིག་གནས་ཤན་ཞུགས་བཟང་པོ་ཐེབས་པ་སོགས་རྒྱུ་དུ་མས་གྲུབ་ཏེ། སྤུར་རྒྱལ་བོད་ཀྱི་བུད་མེད་ཀྱི་སྤྱི་ཚོགས་ཐོབ་ཐང་ཞེས་པའི་རྒྱ་ཡིག་གི་དཔེ་ཆ་ཞིག་བརྩམས། གཞུག་མར་དཔེ་ཆ་དེ་བོད་ཡིག་དང་དབྱིན་ཡིག ཨོ་རོ་སིའི་ཡི་གེ་སོགས་ལ་བསྒྱུར་ཏེ་རྒྱལ་སྤྱི་ཐོག་གདེང་འཇོག་ཚད་མེད་ཐོབ།
༢༠༠༦ལོར་ང་རང་ཕྱིར་རང་རྒྱལ་དུ་ལོག ད་ལྟ་ཁྲིན་ཏུའུ་ཕིས་ཤན་ཨན་རྡིར་མུ་མཐུད་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་བཞིན་ཡོད། རང་རྒྱལ་དུ་ལོག་རྗེས་ཀྱི་ལོ་དུ་མའི་རིང་ངའི་སྣུམ་ཚོན་རི་མོ་དང་འཇིམ་བརྐོས་སྒྱུ་རྩལ་གྱི་གསར་གཏོད་ཐད་ལ་གོང་འཕེལ་ལྷག་ཏུ་བརྟས། དེ་དག་ལས་མཐོ་ཚད་ལ་རྨིས་གཉིས་ལྷག་ཅན་གྱི་ཀྲུང་གོའི་དབུ་ཁྲིད། ཏིང་ཞོ་ཕན་དང་མའོ་ཙེ་ཏུང་། ཅང་ཙེ་མན། ཧུས་ཅན་ཐོ་བཅས་ཀྱི་སྐུ་བརྙན་འཇིམ་བཟོ་བྱས་པར་སི་ཁྲོན་མི་དམངས་ཀྱི་དགའ་བསུ་ཐོབ་ཅིང་། སྐུ་བརྙན་དེ་དག་དམིགས་ཀྱིས་དྲན་གསོ་ཁང་ཞིག་འཛུགས་སྐྲུན་བྱས།
༢༠༡༣ལོར། ང་རང་ཕ་ཡུལ་ཡུལ་ཤུལ་གྱི་གནོད་རྗེས་བསྐྱར་འཛུགས་ཀྱི་ལས་ཀར་ཞུགས་ཏེ། གླིང་གེ་སར་རིག་གནས་ཐང་ཆེན་གྱི་མཐའ་བཞིར་གླིང་གི་དཔལ་ཐུལ་སུམ་ཅུ་དང་པད་མའི་གདན་གྱི་རྣམ་གྲངས་དེ་འགན་དུ་བཞེས་ཏེ། ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་རྒྱུ་ཆ་བཀོད་སྒྲིག་འོག གསར་གཏོད་ཀྱི་འཆར་འགོད་དང་བཟོ་སྐྲུན་ཚང་མའི་འགན་བཞེས་ཏེ་ད་ལྟའི་བར་རྣམ་གྲངས་ལས་ཀ་འདི་སྒྲུབ་མུས་ཡིན།