ཁམས་མི་ཉག་ནས་གཤོག་ཟུང་གིས་འཕུར་བའི་དཔྱིད་ཀྱི་ཕོ་ཉ་ཞིག༼མདོ་འཛིན་པ་འཆི་མེད་དབང་མོ།༽

གངས་དབང་གིས།        2014-06-30

ཁམས་མི་ཉག་ནས་གཤོག་ཟུང་གིས་འཕུར་བའི་དཔྱིད་ཀྱི་ཕོ་ཉ་ཞིག༼མདོ་འཛིན་པ་འཆི་མེད་དབང་མོ།༽
བསླབ་ལ་དད་ཅིང་ལས་ལ་བརྩོན་པའི་བོད་པའི་བུ་མོ་ཞིག
༡༩༩༥ལོར་ང་རང་དགེ་འོས་ཆེད་སྦྱོང་སློབ་གྲྭ་ལས་མཐར་ཕྱིན་ཏེ་དགེ་སློབ་རྣམས་ཀྱི་རེ་སྐུལ་རུམ་གང་དང་རང་ཉིད་ཀྱི་ཕུགས་རེ་སེམས་གང་ཁྱེར་ནས་ཡུན་རིང་ནས་འདོད་པའི་མི་ཉག་ར་རྔ་ཁའི་བོད་ཡིག་སློབ་འབྲིང་དུ་གློ་སྙིང་མཆིན་གསུམ་ནས་མོས་པའི་དགེ་རྒན་གྱི་ལས་དོན་རླབས་ཆེ་བ་དེ་ཕྲག་ཐོག་ལ་བླངས།སྐབས་དེ་དུས་བོད་ཡིག་སློབ་གྲྭར་སློབ་མ་སུམ་བརྒྱ་ལྷག་ཙམ་དང་དགེ་རྒན་སུམ་ཅུ་ཙམ་ལས་མེད་ནའང་སློབ་མ་ཚོ་ནི་ཤེས་པར་འདོད་ཅིང་རྒན་ལ་བཀུར་བ་དང་དགེ་རྒན་རྣམས་ནི་སློབ་བུར་གཅེས་ཤིང་ལས་ལ་བརྩོན་པ་ཁོ་ན་ཡིན་པས་ཀུན་གྱི་སྣང་ངོར་དགེ་རྒན་ཞིག་ཡིན་ན་མགོ་བོ་གནམ་ལ་བཀྱགས་ནས་འགྲོ་ཆོག་པ་དང་སློབ་མ་ཞེས་དུས་མ་འོངས་པའི་མདུན་ལམ་ཡོད་པ་ཞིག་ཡིན།དགེ་རྒན་ཞིག་གི་རྣ་བར་ཆེས་སྙན་ཞིང་འཇེབས་པ་ནི་སློབ་མ་རྣམས་ཀྱི་དཔེ་ཀློག་གི་སྒྲ་དབྱངས་ཡིན་ལ་མིག་ལམ་དུ་ཆེས་མཛེས་པ་ནི་བག་དང་ལྡན་པའི་སྤྱོད་ལམ་རེད།སྐབས་དེ་དུས་མི་ཉག་སྐྱ་གད་ནས་ཡོང་བའི་འཆི་མེད་དབང་མོ་ནི་དམའ་འབྲིང་སྐབས་གོ་བདུན་པའི་སློབ་མ་ཞིག་ཡིན་ལ་ཆུང་དུས་ནས་བསླབ་ལ་དད་པའི་བག་ཆགས་སད་ནས་ཡོད་ལ་ལུས་སེམས་གཉིས་ལ་རང་རྟོན་ཡིད་ཆེས་ཀྱི་ཁྲག་རྒྱུན་བཞུར་ནས་ཡོད་པས་བརྩོན་འགྲུས་ཅན་གྱི་སློབ་གྲོགས་གཞན་དག་དང་འདྲ་བར་དཔེ་ཆ་ལུས་དང་མ་བྲལ།སེམས་པ་དཔེ་ཆ་དང་མ་བྲལ་བར་དགེ་རྒན་རྣམ་པའི་ལེགས་ཉེས་རྣམ་པར་འབྱེད་པའི་བདུད་རྩི་འཐུང་བཞིན་སློབ་གྲོགས་རྣམས་ཀྱི་ཉི་སྤྲིན་རླུང་གསུམ་ལྟ་བུའི་མཛའ་བཤེས་མྱོང་གིན་དུ་བོད་པའི་བུ་མོ་ཆུང་ཆུང་ཞིག་མཐོ་སྒང་དུ་སྐྱེས་པའི་ཐང་ཤིང་ལྟར་རྩ་བ་རྒྱས་ཤིང་ཡལ་ག་འཁྲུངས་འགོ་བརྩམས།ཉིན་ལྟར་སྐྱ་མདའ་གསལ་ལ་མི་གསལ་བའི་ཁྲོད་དུ་སློབ་གྲྭའི་ར་བའི་ཟུར་ཞིག་ཏུ་ཙོག་པུར་བསྡད་དེ་དཔེ་ཆ་ལྟ་ཀློག་བྱེད་མཁན་ནི་མོ་ཡིན་ལ་ཕྱི་དྲོར་མི་ཉག་གླིང་ཆུའི་འགྲམ་ངོགས་སུ་ཉམ་དུངས་དུངས་ཀྱིས་སློབ་ཚན་བློར་འཛིན་བྱེད་མཁན་ཡང་མོ་ཡིན།ཁྱད་པར་དུ་ང་ཚོས་དྲན་ཐུབ་ལ་ཁོ་མོས་ཀྱང་བརྗེད་མི་སྲིད་པ་ནི་གྲང་ངར་ཤིན་ཏུ་ཆེ་བའི་དགུན་ཁར་མོ་ཡིས་ཕྱུ་པ་ཐབས་ཆགས་ཙམ་ཞིག་ལུས་ལ་གྱོན་ཏེ་སློབ་ཁང་དུ་སློབ་ཁྲིད་ལ་ཉན་བཞིན་ལག་པ་ཆུང་ཆུང་བཀྱགས་ཐེངས་མང་པོས་དགེ་རྒན་རྣམས་ལ་བཀའ་འདྲི་དང་དོགས་འདྲི་ཡང་ཡང་ཞུས་པ་ནི་བསམ་གཞིག་ཅན་གྱི་སློབ་མ་ཞིག་གིས་རང་ཚུགས་རང་རྟོན་གྱིས་རིག་པ་དོན་དུ་གཉེར་བའི་ལེའུ་ཞིག་ལགས།དེ་ལྟར་སློབ་ཆུང་གི་དགེ་རྒན་རྣམ་པའི་དྲིན་ལས་རྨང་གཞི་ཅུང་བརྟན་པའི་ཐོག་ལ་སློབ་འབྲིང་གི་དགེ་རྒན་རྣམས་ཀྱིས་བུམ་པ་གང་བྱོལ་གྱིས་གསོ་སྐྱོང་གནང་བར་བརྟེན་བོད་ཀྱི་སུམ་རྟགས་དག་གསུམ་དང་ལོ་རྒྱུས།རྒྱ་ཡི་སྐད་ཡིག་དང་རྩིས་དངོས་རྫས་གསུམ་བཅས་ལ་སྦྱངས་འབྲས་དགའ་འོས་པ་བླངས་ཏེ་དེ་སྔོན་གྱི་དར་མདོ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད།དགེ་འོས་སློབ་གྲྭ་ནི་རོང་འབྲོག་ས་ཁུལ་ལ་སྤྱོད་པ་གཙང་ལ་རིག་གནས་ལ་མཁས་ཤིང་འཇོན་ཐང་ལྡན་པའི་དགེ་རྒན་གསོ་སྐྱོང་བྱེད་པའི་སློབ་གྲྭ་ཁྱད་དུ་འཕགས་པ་ཞིག་ཡིན་པས་སློབ་མའི་ཤེས་བྱ་ཁོ་ན་རྩིས་ཆེན་མི་བྱེད་པར་འཚོ་བ་དངོས་སུ་གོ་ཆོད་པའི་འཇོན་ཐང་སྟེ།དཔེར་ན་གཏམ་བཤད་དང་རྩོམ་འབྲི་བའི་ནུས་པ།གླུ་ལེན་གར་འཁྲབ་ཀྱི་འཇོན་ཐང་།མཐུན་སྒྲིལ་འགྲོགས་མཁས་ཀྱི་བསམ་བློ།བཀའ་དྲིན་དྲན་ཤེས་ཀྱི་ཀུན་སྤྱོད་བཅས་གལ་ཆེན་དུ་བཞག་ནས་སློབ་མ་ཚོ་ལ་སྦྱོང་བརྡར་བྱེད་དུ་བཅུགམི་ཞིག་ལ་ཆུང་དུས་ཕ་མའི་བཀའ་སློབ་ནི་གཙོ་ཆེ་ལ་དགེ་རྒན་གྱི་མཛུབ་སྟོན་ནི་གལ་ཆེ་ཞིང་སློབ་སྦྱོང་གི་ཁོར་ཡུག་ནི་གནད་ཆེ་བ་ཞིག་རེད།འཆི་མེད་དབང་མོ་ལ་མཚོན་ན་ཁོ་རང་དར་མདོ་དགེ་འོས་སློབ་གྲྭར་ཞུགས་ཐུབ་པ་ནི་གསེར་མིག་ཉ་མོ་ཆུ་ལ་འཕྲད་པ་དང་ཐང་དཀར་རྒོད་པོ་གནམ་ལ་འཕུར་བ་ལྟ་བུའི་གོ་སྐབས་བཟང་པོ་ཞིག་སྟེ།དཀྱེལ་ཡངས་ཞི་ལྷོད་ཀྱི་ཁོར་ཡུག་དེ་རུ་ལྟོ་གོས་ཐབས་ཆགས་ཙམ་ལས་མེད་ནའང་བརྩོན་འགྲུས་ཀྱི་སེམས་མ་ཞུམ།དད་བཀུར་གྱི་རྒྱུན་མ་ལྷོད་དེ་བོད་རྒྱ་ཡི་གནའ་དེང་མཁས་དབང་རྣམ་པའི་ཞལ་གདམས་གསེར་ཞུན་ཐིགས་པས་རང་སེམས་གཙང་མར་འཁྲུད་ཀྱིན་འཆད་འབྲི་ཀློག་གསུམ་གྱི་སྦྱོང་བརྡར་མུ་ནས་མུ་རུ་བསྲིངས་པས་མེ་ཏོག་ལྟ་བུའི་བོད་པའི་བུ་མོ་ཞིག་གངས་ཆུ་སྒེག་མོའི་འགྲམ་དུ་ལྷུག་ལྷུག་ཏུ་བཞད།
སྤྱོད་པ་བཟང་ལ་ཡོན་ཏན་ལྡན་པའི་བོད་པའི་མཛངས་མ་ཞིག
ཤེས་རིག་གི་རྩ་བ་རྒྱས་ལ་མི་ཆོས་ཀྱི་མཁའ་དབུགས་གཙང་བའི་དགེ་འོས་སློབ་གྲྭར་མི་གཞི་ལ་གསེར་མདངས་བྱུག་ཅིང་སྨྲ་བརྗོད་ཀྱི་འཇོན་ཐང་རྒྱས་བཞིན་དུ་༢༠༠༠ལོར་སློབ་གྲྭ་དེ་ལས་མཐར་ཕྱིན་ཏེ་ཐོག་དང་པོར་ལམ་གྱི་སུམ་མདོ་རུ་མི་ཚེའི་གདམ་ཀ་ལ་ཐུག་དུས་རང་གི་དགའ་ཁ་འཁྱེར་ཕྱོགས་དང་མོས་མཐུན་བློར་འབབ་ལྟར་དར་མདོ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནང་རྒྱང་སྒྲོག་པ་ལ་རྒྱུགས་སྤྲད་དེ་འཕྲད་པས་དུས་དེ་ནི་མི་ཚེའི་འགྲོ་ལམ་གྱི་ལམ་འགོ་ཐོག་མར་རྙེད་པའི་སྐལ་བཟང་ཚེས་བཟང་ཞིག་ཡིན་ཐག་ཆོད་རེད།རྩ་བ་ཟབ་ན་རྩེ་མོ་རིང་།ཡལ་ག་སྦོམ་ན་ལོ་མ་རྒྱས་ཞེས་པ་ལྟར་བོད་མིའི་ལྷན་སྐྱེས་ཀྱི་རང་གཤིས་བཟང་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་གྱེར་འདོན་དང་འཆད་འབྲི་ལ་ཅུང་བྱང་ཆ་ལྡན་པས་རྒྱང་སྒྲོག་བྱེད་རྒྱུ་དང་གསར་འགྱུར་འགོད་རྒྱུ་བཅས་ལ་དཀའ་ངལ་མེད་མོད།མོ་ནི་གར་སྟེགས་དེ་ཙམ་གྱིས་ཡིད་མི་ཚིམ་ལ་ཤེས་རིག་ཕྲན་བུས་ཆོག་ཤེས་མ་སྐྱེས་ཏེ་ལས་ཞོར་དུ་རྒྱ་ཡིག་ཆེད་ལས་ཀྱི་དངོས་སྦྱོང་ཚན་ཁག་གི་ཡོན་ཚད་བླངས་པ་མ་ཟད་ལས་གྲོགས་རྒན་པ་རྣམས་དགེ་རྒན་དུ་བསྟེན་ལ་ཆེད་ལས་ཀྱི་རིག་གཞུང་བསམ་པའི་རྒྱགས་ཕྱེ་རུ་བསྒོམ་ཞིང་བོད་རྒྱ་ཚིག་མཛོད་གཉིས་གྲོགས་པོར་བསྒྲིགས་ཏེ་ཡིག་འབྲུ་རེ་རེ་ཡི་སྒྲ་གདངས་ཀྱི་དག་གསལ་དང་ལྕི་ཡང་།རྗོད་བྱེད་ཀྱི་སྡེབ་སྒྲིག་དང་འགྱུར་ཁུགབརྗོད་བྱའི་ཉམས་འགྱུར་སོགས་ལ་གྲི་སོ་རྡོ་ལ་བརྡར་བ་བཞིན་དུ་ཡང་ནས་བསྐྱར་དུ་སྦྱོང་བརྡར་བྱས་པས་ཁོ་ཡིས་རྒྱང་སྒྲོག་དང་མདོ་འཛིན་བྱེད་པ་ལ་དག་གསལ་སྙན་གསུམ་གྱི་ཁྱད་ཆོས་འབུར་འགོ་བརྩམས།ཁོ་མོས་བརྙན་འཕྲིན་ཐོག་ནས་རྒྱང་སྒྲོག་བྱེད་ཀྱང་རུང་།རིག་རྩལ་འཁྲབ་སྟོན་དང་གཉེན་སྟོན་རྟེན་འབྲེལ་གྱི་གར་སྟེགས་ཐོག་མདོ་འཛིན་བྱེད་ནའང་འདྲ།ལུས་ཀྱི་ཆ་ལུགས་དང་ངག་གི་བརྗོད་སྟངས།གདངས་ཀྱི་འགྱུར་ཁུག་སོགས་གང་ཅིའི་ཐད་དུའང་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་བོད་མི་རང་མཚན་པའི་བག་ལྷོད་དང་བདེན་པ།བརྩེ་ཞེན་ཡོད་པས་རི་ཡི་ཚད་ཀྱི་རི་དྭགས་ཞེས་པ་ལྟར་མོ་ནི་དར་མདོ་ས་ཁུལ་ལ་མིང་གྲགས་ཅུང་ཡོད་པའི་བོད་པའི་མཛངས་མ་ཞིག་ཏུ་ཆགས།
སྐད་ལ་བྱང་ཞིང་ཡིག་ལ་མཁས་པའི་བོད་པའི་མདོ་འཛིན་པ་ཞིག
   གསར་འགྱུར་ལས་རིགས་དང་ལོ་ཙཱ་བའི་བྱ་བ།མདོ་འཛིན་པའི་ལས་ཀ་ནི་ཆེད་ལས་རང་བཞིན་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ལས་སྐད་ཆ་བཤད་ཤེས་པ་ཙམ་དང་ཡི་གེ་ཀློག་ཐུབ་པ་ཙམ་གྱིས་ལས་དོན་དེ་དག་འཁྱོལ་དཀའ།འཆི་མེད་དབང་མོས་གནད་དེ་ལ་དམིགས་ནས་རང་གིས་གོ་སྐབས་བཏོད་ཅིང་བཙལ་ནས་༢༠༠༩ལོར་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་བརྙན་འཕྲིན་ལེ་ཚན་གྱི་བཅར་འདྲི་བྱེད་སྟངས་དང་སྒྲིག་སྦྱོར་བྱེད་ཚུལ།མདོ་འཛིན་བྱེད་ཐབས་བཅས་ཕྱོགས་ཡོངས་ནས་ཟབ་སྦྱོང་བྱས་པས་མར་ཐོག་ལ་ཚིལ་སྣོན་པ་ལྟར་ཡར་རྒྱས་ཆེན་པོ་ཡོང་ཚོད་འདུགལོ་དེར་གོང་རིམ་ནས་ཁམས་པའི་བོད་སྐད་བརྙན་འཕྲིན་འཛུགས་པའི་ཆོག་མཆན་གནང་བས་དེ་ནི་བོད་སྐད་ཡིག་གིས་གསོས་ཏེ་གཤོག་གཟུང་རྒྱས་པའི་བོད་ཀྱི་ན་གཞོན་རྒོད་ཕྲུག་འདྲ་བ་རྣམས་ཀྱི་སྐལ་བ་བཟང་པོ་ཞིག་ཡིན་པས་འཆི་མེད་དབང་མོ་ལའང་གཉེན་ཉེ་རིགས་དང་རོགས་གྲོགས་པོ་རྣམས་ཀྱི་རྒྱབ་སྐྱོར་ཐོབ་ནས་བདེ་བླག་ངང་རྒྱུགས་འཕྲོད།དེ་ནས་མདོ་དབུས་ཁམས་གསུམ་གྱི་ཡུལ་མི་སྤུན་ཟླ་རྣམས་ཀྱི་རྣ་ལམ་དུ་ཞི་འཇམ་ཆུ་བོ་ལྷུང་ལྷུང་དུ་བཞུར་བ་ལྟ་བུའི་ཁམས་སྐད་ཀྱིས་རི་བོ་མཐོན་པོའི་ཕྱི་ནང་གི་གནས་ཚུལ་གསལ་པོར་བཤད་པ་ཐོས་ཤིང་མིག་ལམ་དུ་བག་ཆགས་ཉམས་དང་ལྡན་པའི་ཁམས་པའི་བུ་མོ་ཞིག་གི་སྣང་བརྙན་ཤར་བས་ཕ་ཡུལ་གྱི་བྱིས་པ་རྣམས་ཀྱིས་ཨ་ཅེ་འཆི་མེད་དབང་མོ་ཞེས་ཁ་ནས་མ་ཎི་འདོན་འདོན་བྱས་ལ་ཕྱི་རོལ་གྱི་རྒན་གཞོན་ཀུན་གྱིས་ཁམས་སྐད་ལ་རྒྱུས་ལོན་བྱེད་འགོ་བརྩམས།ཁྱད་པར་དུ་༢༠༡༠ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དུས་སུ་མོ་ཡིས་རྒྱལ་ས་པེ་ཅིན་ནས་བོད་སྐད་ཀྱི་ཐོག་ནས་བོད་པའི་འཐུས་མི་དང་ཨུ་ཡོན་རྣམས་ལ་བཅར་འདྲི་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཆ་འཕྲིན་ཞིང་འབྲོག་ཡོངས་ལ་གསལ་སྒྲོག་བྱས་པས་སྤུན་ཟླ་རྣམས་ཀྱིས་ཏང་གི་སྲིད་ཇུས་ངོ་མ་གསལ་པོར་ཤེས་ཤིང་ཕ་སྐད་སྙན་མོ་ལྷང་ལྷང་དུ་གྲགས་དུས་ང་དང་བཅས་པ་ལ་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་སྐྱེས་མྱོང་།༢༠༡༠ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱེད་པའི༼བརྩེ་སེམས་ཡུལ་ཤུལ་ལ་བཅངས༽ཞེས་པའི་ལེ་ཚན་དུ་མདོ་འཛིན་པ་གྲགས་ཅན་ཀྲུའུ་ཅུན་དང་ཀྲོའུ་ཐའོ་སོགས་དང་མཉམ་དུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་ནས་མདོ་འཛིན་བྱེད་པས་ཀུན་གྱིས་ཆེས་དོ་སྣང་བྱ་ཡུལ་དུ་གྱུར་ལ་བོད་པའི་བུ་མོ་ཞིག་རང་རྒྱལ་གྱི་ཆེས་ཆེ་བའི་གར་སྟེགས་ཐོག་ཏུ་ལངས་ནས་ཕ་སྐད་མ་ཡིག་གི་ལང་ཚོ་ངོམ་པ་ནི་ང་ཚོ་ཆེ་ཆུང་ཚང་མའི་གཟི་བརྗིད་ཅིག་ཅི་ལ་མིན།བརྙན་འཕྲིན་མདོ་འཛིན་པ་ཞིག་ལ་མཚོན་ན་ལྟད་མོ་བ་རྣམས་ཀྱིས་ཁས་ལེན་ཞིང་དགའ་བསུ་ཞུ་བ་ལས་དགའ་འོས་པའི་བྱ་དགའ་ཞིག་མེད་དེ།༢༠༡༢ལོར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྩ་འཛུགས་བྱས་པའི་བོད་ཀྱི་ལོ་སར་འཚམས་འདྲིའི་འཁྲབ་སྟོན་ཚོགས་པ་བལ་པོའི་རྒྱལ་ས་ཀ་ན་ཏ་ཀ་ལ་འགྲོ་དུས་འཆི་མེད་དབང་མོ་ཡང་མདོ་འཛིན་དང་བཅར་འདྲི་བྱེད་པར་སོང་།ལྟད་མོ་ལ་ཕེབས་པའི་བོད་རིགས་ཨ་མ་ལགས་ཤིག་གིས་མོ་ཡི་ལག་པ་ལ་འཇུས་ནས་ཁྱེད་ཡོང་བ་ཡིན་ནམ།དཀའ་ཨེ་བྱུང་ཞེས་འཚམས་འདྲི་ཞུས།དེ་ཡིས་འཆི་མེད་དབང་མོ་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་ཡུལ་དུ་ལོག་པ་ནས་བཟུང་དུས་ནམ་ཡང་ཨ་མ་རྒན་མོ་དེ་བརྗེད་རྒྱུ་མེད་པས་རྒྱ་ཆེ་བའི་ལྟད་མོ་བ་རྣམས་ནི་རང་གི་གཉེན་ཉེ་བར་བསྒོམས་ཏེ་དེ་དག་གིས་ལྟ་འདོད་ལ་ཉན་མོས་པའི་བརྙན་འཕྲིན་ལེ་ཚན་ལ་འབད་པ་བྱེད།ལོ་རེ་རེ་ཡི་བོད་ཀྱི་ལོ་སར་དགོང་ཚོགས་དེ་བོད་མིའི་མཛེས་དཔྱོད་ལྟ་བ་དང་མཐུན་ལ་རིག་གནས་བསམ་བློ་དང་འཕྲོད་པའི་ཆེད་དུ་ཉིན་ཞག་མང་པོར་དཔེ་ཀློག་ཡང་ཡང་དང་བཀའ་འདྲི་ལན་མང་བྱས་ཏེ་ལྟད་མོ་བ་རྣམས་ལ་ལོ་སར་གྱི་ལེགས་སྐྱེས་གང་ཡག་ཡག་ཕུལ་བ་རེད།སྐབས་རེ་རེའི་བོད་རྒྱའི་གཏམ་བཤད་འགྲན་སྡུར་ནང་ལ་རང་དཔེ་གཞན་སྟོན་གྱིས་སློབ་མ་རྣམས་ལ་བོད་རྒྱ་ཡིག་རིགས་གཉིས་སློབ་སྦྱོང་བྱེད་ཐབས་བསླབས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་ལ་ཤ་ཞེན་ཡོད་དགོས་པའི་སྐུལ་འདེད་བཏང་བས་སློབ་མ་ཀུན་གྱི་བློས་ཐུབ་ཀྱི་གྲོགས་པོར་གྱུར།
   བརྙན་འཕྲིན་གྱི་མདོ་འཛིན་པ་ནི་རིམ་བཞིན་མིང་གྲགས་ཡོད་པར་གྱུར་ཏེ་ས་ཆ་གང་དུ་འགྲོ་ན་ངོ་ཤེས་མཁན་མང་ལ་ཡུལ་ལུང་གང་དུ་བསྡད་ནའང་ཧ་གོ་མཁན་འབེལ་བས་མདོ་འཛིན་པ་མང་པོ་ཞིག་བྱ་སྤུ་རླུང་གིས་བཀྱགས་པ་ལྟར་རྐང་འོག་གི་འགྲོ་ལམ་ཡང་མི་མཐོང་བའི་ང་རྒྱལ་ཁེངས་དྲེགས་སྐྱེས་སྲིད་མོད།མོ་ནི་དེ་ལས་ལྡོག་སྟེ་རང་ཉིད་ངོ་ཤེས་མཁན་དེ་ལས་མང་ན་ཕྲག་ཐོག་གི་འགན་ལྕི་སྔར་ལས་ལྗིད་པ་ཚོར་ཞིང་མིང་གྲགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས་ཉེན་ཁའི་འདུ་ཤེས་ཀྱང་དེ་བས་ཆེན་པོར་བསྐྱེད་དེ་མདོ་འཛིན་པ་ཞིག་ལ་མེད་དུ་མི་རུང་བའི་སྤྱི་ཚོགས་ཀྱི་འགན་ཁུར་བའི་འདུ་ཤེས་དང་ཆབ་སྲིད་བསམ་བློའི་ཆུ་ཚད།མི་སྒེར་གྱི་མི་གཞི་དང་རང་གཤིས།སེམས་ཁམས་བཅས་ལུས་ངག་ཡིད་གསུམ་གྱི་ཐོག་ནས་ཤིན་སྦྱངས་ཡང་ཡང་བྱས་པར་བརྟེན་སི་ཁྲོན་བརྙན་འཕྲིན་ཁང་གི་རྒྱ་སྐད་འཕྲིན་ལམ་དུའང་ཁོ་ཡིས་རྒྱང་སྒྲོག་བྱས་དང་བྱེད་བཞིན་བྱ་རྒྱུ་ཡིན་པས་བོད་ཆས་སྤྲས་པའི་བོད་རིགས་ཤིག་གིས་རང་གི་ནུས་པས་རྒྱལ་ཡོངས་མི་དམངས་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་ནི་སུ་ཡིས་མཐོང་ཡང་ཡིད་སྨོན་ཤོར་དགོས་པ་ཞིག་ལོས་ཡིན།ཁམས་པའི་བོད་སྐད་བརྙན་འཕྲིན་བཙུགས་ནས་ཡུན་མི་རིང་བར་གོང་རིམ་དབུ་ཁྲིད་རྣམས་ཀྱིས༼འཆི་མེད་ཀྱི་གླེང་མོལ༽ཞེས་པའི་ལེ་ཚན་གསར་པ་ཞིག་མོ་ཡི་སྐལ་བ་ལ་བརྫངས།ལེ་ཚན་དེ་ནི་རིག་གནས་པ་དང་སྒྱུ་རྩལ་པ།འགོ་ཁྲིད་དང་དཔེ་བཟང་མི་སྣ་རྣམས་ལ་གཏིང་ཟབ་མོས་བཅར་འདྲི་དང་གླེང་མོལ་བྱས་ཏེ་བོད་ཀྱི་དམངས་ཁྲོད་རིག་གནས་དང་ཏང་གི་མི་རིགས་སྲིད་ཇུས།དུས་རབས་གསར་པའི་སྙིང་སྟོབས་ཆེན་པོ།འབངས་མི་སེར་གྱི་བྱ་བ་སྤྱོད་བཟང་སོགས་བརྙན་འཕྲིན་གྱི་ལམ་ནས་བརྒྱུད་སྒྲོག་བྱེད་དགོས་པས་སྤྱིར་བཏང་གི་བཞུགས་མོལ་ཚོགས་འདུ་དང་ཁ་བརྡ་ལབ་གླེང་ཙམ་མིན་པར་མི་ལ་བལྟས་ནས་ཁ་བརྡ་བྱེད་རྒྱུ་དང་དོན་ལ་དམིགས་ནས་དྲི་བ་འདོན་རྒྱུ་སོགས་བསམ་བློ་མང་ཙམ་བཏང་ཏེ་གྲ་སྒྲིག་གང་མང་བྱེད་དགོས་མོད་མོ་ལ་སྔར་ནས་རྒྱུ་རྐྱེན་མི་ཉུང་བ་འཛོམས་པས་ཐེངས་རེ་རེའི༼འཆི་མེད་ཀྱི་གླེང་མོལ༽ནི་ལྟ་མོས་ལ་ཉན་འདོད་པའི་ལེ་ཚན་ཞིག་ཏུ་ཆགས།དུས་དེ་ནས་བཟུང་ལེ་ཚན་དེ་ནི་ང་ཚོའི་གཟའ་འཁོར་རེ་རེ་ནང་གི་རེ་སྒུག་ཏུ་གྱུར་ཡོད་དེ་ཅི་ཞིག་གི་དོན་དུ་ཟོལ་བསྟོད་མིན་ལ་གང་ཞིག་གི་ཆེད་དུ་ཆེད་བསྟོད་ཀྱང་མེད་པར་མོ་ཡི་ཐེངས་རེ་རེ་ཡི་བརྩམས་ཆོས་དང་བརྩམས་ཆོས་རེ་རེ་ཡི་ཡར་རྒྱས་མཐོང་འདོད་པ་ཡིན།དང་ཐོག་སྒྲ་དག་མིན་དང་ཡུལ་སྐད་བསྲེས་ཡོད་མེད་ཀྱི་རྩོད་པའང་བྱུང་མྱོང་མོད་ད་ནི་སྐད་གོ་བདེ་ཞིང་དྲི་བ་ལ་གཏིང་ཟབ་ཆེ་བའི་ཡོན་ཏན་འཛོམས་པ་ནི་འཆི་མེད་དབང་མོ་ཡི་ཁྱད་ཆོས་ཡིན་ལ༼འཆི་མེད་ཀྱི་གླེང་མོལ༽གྱི་འབྲས་རྟགས་ཀྱང་ལགས།མོ་ཡིས་བརྙན་འཕྲིན་ལས་དོན་པ་ཞིག་ལ་མཚོན་ན་ཆེས་དགའ་བའི་འབྲས་བུ་ནི་མཇལ་འཕྲད་ཀྱི་སྐལ་བ་ལྡན་པའི་མི་དང་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་དོན་དག་རྣམས་ལས་ཐོབ་པའི་བརྩེ་བ་དྲོན་མོ་དང་སེམས་འགུལ་ཆེན་པོ་ཡིན་ལ་གཞི་རིམ་ལ་སོང་ནས་མིག་གིས་ནན་གྱིས་བལྟས་ཤིང་རྣ་བས་ཞིབ་ཀྱིས་ཉན་ལ་སེམས་ཀྱིས་མྱོང་ཚོར་བྱས་པའི་ཉམས་མྱོང་ནི་ཆེས་མཆོག་ཏུ་གྱུར་བའི་རྒྱུ་ནོར་ཡིན་ཞེས་གསུངས་པ་ལྟར་མཐོང་ཐོས་མང་ལ་བསམ་པ་ཡོད་པའི་བརྙན་འཕྲིན་པ་ཞིག་གིས་ལྟད་མོ་བ་རྣམས་ལ་དྲོད་ལྷང་ལྷང་གི་ཚོར་ཤེས་ཤིག་མི་སྟེར་ཅི་ལ་སྲིད། 
 

འབྲས་རྟགས་དེ་དང་དེ་ལ་སོགས་པ་ལ་དམིགས་ནས༢༠༡༣ལོའི་ཟླ་བ་༡༠པར་འཆི་མེད་དབང་མོ་ལ་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་སྤྱོད་ཡོན་གཉིས་ལེགས་ཀྱི་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཐོབ་པ་རེད།གཏམ་བཟང་དེ་གསར་འགྱུར་འཕྲིན་ལམ་ནས་ཁྱབ་པ་ནས་བཟུང་མོ་ཡི་དགེ་རྒན་དང་ལས་གྲོགས་ཚང་མས་སྐད་འཕྲིན་དང་པོད་ཁུག་སོགས་ནས་རྟེན་འབྲེལ་ཞུ་བ་ནི་ང་ཚོས་ཤིང་གིས་ཤིང་བཀྱགས་ནས་ཀ་བ་དང་གདུང་མ་ལྟར་གཅིག་འདེགས་གཅིག་རོགས་ཀྱི་དཀྱེལ་ཡངས་ཀྱི་ཁོར་ཡུག་ཅིག་ཆགས་ན་སྙམ་པའི་འདོད་མོས་བསྟན་པ་ཡིན་ཐག་ཆོད་རེད།མོ་ཡིས་བྱ་དགའ་གནང་བའི་ཚོགས་ཐོག་ཏུ་དེ་རིང་ང་ལ་བྱ་དགའ་འདི་ཐོབ་པ་ནི་དངོས་གནས་གཟི་བརྗིད་ལྡན་པ་ཞིག་རེད་མོད།ངས་དེ་ནི་གོང་རིམ་གྱི་རྟིང་སྐུལ་དང་ལྟད་མོ་བ་རྣམས་ཀྱི་རེ་སྒུག་ལ་བསྒྱུར་ནས་དུས་ནམ་ཡང་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྙན་འཕྲིན་གྱི་ལམ་དུ་རྐང་གཉིས་ལ་བརྟེན་ནས་འགྲོ་སྐྱོད་བྱས་ཏེ་དེ་ལས་མང་བའི་ལྟད་མོ་བ་རྣམས་ལ་སྲི་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་ལྟར་ངས་ཀྱང་མོ་ལ་ཆེད་དུ་ཞུ་འདོད་པ་ནི་གཟེངས་རྟགས་དེ་ནི་ཁྱེད་ཀྱི་མི་ཚེའི་ལམ་ཐོག་གི་བཞི་ཤད་མིན་པར་ཡོད་ཚད་ཀྱི་འགོ་གཞི་ནས་ཚུགས་པའི་དབུ་ཁྱུད་བསླུ་བྲིད་ལྡན་པ་ཞིག་ལགས་པས་ཁྱེད་ཀྱིས་བུ་མོའི་དུས་ཀྱི་བརྩོན་སེམས་མ་ལྷོད།མཛངས་མའི་སྐབས་ཀྱི་མཐུན་སེམས་མ་འདོར་བར་མདོ་འཛིན་པའི་ལམ་དུ་མིག་རྒྱང་རིང་པོ་དང་རྐང་ཟུང་བརྟན་པོ།སེམས་རྒྱ་ཆེན་པོ་དང་དྲན་ཤེས་ཟབ་མོས་སྐྱོད་དང་།ང་ཚོ་ལ་གཤོག་ཟུང་ལ་འཕུར་ཤུགས་ལྡན་པའི་བྱ་རྒོད་ཀྱི་སྙིང་སྟོབས་དགོས་པས་ཡུལ་མི་རྣམས་ཀྱིས་ཁྱེད་ལ་སྒུག་ནས་ཡོད།ང་ཡིས་མ་ཡུམ་སློབ་གྲྭའི་སློབ་བུ་ཚོ་ལ་ཁྱེད་ཉིད་མིག་དཔེར་བཞག་ཡོད་པས་བྱིས་པ་རྣམས་ཀྱིས་ཁྱེད་ལ་སྦྱོང་བཞིན་ཡོད།ང་ཚོ་ཡིས་མི་ཡི་ཆོལ་ཁའི་རྒྱུན་བཟང་རིང་དུ་བསྲིང་དགོས་པས་ཆོལ་ཁ་གསུམ་གྱིས་ཁྱེད་ལ་བལྟས་ནས་ཡོད།།  །།ཁམས་མི་ཉག་ནས་གཤོག་ཟུང་གིས་འཕུར་བའི་དཔྱིད་ཀྱི་ཕོ་ཉ་ཞིག༼མདོ་འཛིན་པ་འཆི་མེད་དབང་མོ།༽
 

  • ལེ་ཚན་སྔོན་མ།:ཨ་རྣམ་ཟླ་བ་སྒྲོལ་མ་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱི་ངོ་སྤྲོད་རགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།