མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་ནད་ཐོག་སྨན་བཅོས་དང་སྨན་བཅོས་ལག་རྩལ་ཚན་ཁག47དང་། མྱུར་བཅོས་དང་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་ཆེད་ལས་ཚན་ཁག་གཅིག ནད་པ་འདུག་སའི་ཉལ་ཁྲི་1100ཡོད། སྨན་བཅོས་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་བདུན་དང་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཆེ་གྲས་རིགས470། སྒྲིག་ཆས་ཆ་ཚང་ཞིང་གཙང་མ་ཡིན་པའི་གཤགས་བཅོས་ཁང་གྱན16དང་ནད་པ་ལྗིད་མོ་འདུག་སའི་ཉལ་ཁྲི14ཡོད། སྨན་ཁང་དུ་ལས་བཟོ་བ་བསྡོམས་པས1226ཡོད། ཆེད་ལས་ལག་རྩལ་མི་སྣ1052ནང་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣ335ཡོད་པ་དང་། ཞིང་ཆེན་རིམ་པའི་རིག་གཞུང་སྣེ་ཁྲིད་པ་དྲུག ས་ཁོངས་རང་བཞིན་གྱི་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ་བཅུ་གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཟླ་ཕོགས་ལོངས་སུ་སྤྱོད་པའི་ཆེད་མཁས་པ་གསུམ། མཚོ་སྔོན་ཞིང་ཆེན་གྱི་ཕུལ་དུ་བྱུང་བའི་ཆེད་མཁས་པ་གཅིག ཞིང་ཆེན་རིམ་པར་མིང་དུ་གྲགས་པའི་སྨན་པ་བདུན་བཅས་ཡོད། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་རིག་གཞུང་ཚན་ཁག་གི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་གནད་སའི་རིག་གཞུང་ཚན་ཁག་སྐོར་ཞིག་བཙུགས་པ་དང་། དེའི་ནང་གི་མོ་ནད་བུ་སྐྱེ་ཚན་ཁག་དང་མྱུར་སྐྱོབ་ཚན་ཁག ཞིབ་བཤེར་ཚན་ཁག ན་ལུགས་ཚན་ཁག དེ་མིན་ནད་པ་ལྗིད་མོར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ཆེད་ལས་ཚན་ཁག་སོགས་སྨན་ཁང་འདིའི་ཚན་ཁག་གྲགས་ཅན་དུ་གྱུར་ཡོད། དེང་སྐབས་མོ་ནད་བུ་སྐྱེ་ཚན་ཁག་ཏུ་ནད་ཁྲི 320དང་། འབྲིང་རིམ་དང་མཐོ་རིམ་ཆེད་ལས་ལག་རྩལ་པ་བཅུ་གཉིས། སྨན་བཅོས་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཉིས་ཡོད་པས། ཞིང་ཆེན་ནང་ཁུལ་དང་ཐ་ན་ནུབ་བྱང་ས་ཁུལ་གྱི་ཕྱོགས་བསྡུས་སྨན་ཁང་ཁྲོད་གཞི་ཁྱོན་ཆེས་ཆེ་ཞིང་ལག་རྩལ་ཆེས་བཟང་བའི་ཆེད་ལས་ཚན་ཁག་ཆེན་པོ་ཞིག་ཏུ་གྱུར་ནས་རྒྱལ་ཡོངས་ནས་ཨང་བཅུ་བའི་གྲས་སུ་ཚུད་ཡོད། 2007ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མོ་ནད་བུ་སྐྱེ་ཚན་ཚན་ཁག་གི་ནད་རིགས་བརྟག་བཅོས་ལྟེ་གནས་སུ་དཔྱད་འདེམས་བྱས་པ་དང་། 2008ལོར་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གནད་སའི་རིག་གཞུང་ཚན་ཁག་ཏུ་བདམས།