གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས།(2)

དམུ་དགེ་བསམ་གཏན།        2010-08-27


བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་བ།དགེ་བའི་བཤེས་གཉེན་ཆེན་པོ་གླིང་དཔོན་སློབ་དོན་འགྲུབ་རྒྱ་མཚོ་ནི་གླིང་གི་དཔོན་རྒྱུད་ཡིན་གཤིས།གླིང་གེ་སར་གྱི་གྲི་རིང་སོགས་ཡོ་བྱད་འགའ་ཡོད་པ།སྔར་ཨ་ལགས་གླིང་ཚང་གི་ནང་ཆེན་གྱི་ཚོམས་ཆེན་ལྷ་ཁང་དུ་བཞུགས་ཡོད།དམངས་གཙོའི་བཅོས་བསྒྱུར་དང་།རིག་གནས་གསར་བརྗེ་ཟེར་བའི་གོད་ཆག་སྐབས།ནང་ཆེན་གྱི་གནའ་རྫས་ལ་གཏོར་བཤིགས་ཆེན་པོ་བྱུང་ཡང་།གླིང་སེང་ཆེན་གྱི་གྲི་རིང་དེ་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་ཐོག་གི་འགྲེམས་སྟོན་ཁང་གི་ནང་དུ་བཞག་འདུགང་རང་གི་ལག་ཏུ་བླངས་ནས་ཞིབ་ལྟ་བྱས།དུས་དེ་སྐབས་ཀྱི་དམག་ཆས་ངོ་མ་རེད་སྙམ།
དེ་ནས་བྱང་ཕྱོགས་སུ་སོང་བ་ན།ཨ་རིག་ཆུ་ཚན་དང་ཕྱོགས་མཚུངས་འདབ་ཆགས་པའི་སར།སྔོན་ཧོར་དམག་གིས་བཟུང་བའི་ཨབ་ཆུ་དུག་ཐང་དེར་ཧོར་དམག་ཕམ་ནས་གླིང་གིས་བཟུང་།གེ་སར་གྱི་བཞུགས་ཡུལ་ལྷ་ལུང་གཡུ་མདོ།མཛོ་འདོགས་ས་ཡིན་ཟེར་བའི་རི་དེའུ་ཞིག་གི་ཉེ་འགྲམ་དུ་སྤང་སྔོན་པོ་ལ་བྲག་དཀར་བོ་སྲོག་ཆགས་ཀྱི་རྣམ་པ་འབུར་དུ་དོད་པའི་ས་འཛིན་ཡོད་ཅེས་པ་སོགས།འདི་དག་མདོ་སྨད་ཆོས་འབྱུང་དུ་གསལ་བོར་ཡོད།དེ་ཕྱོགས་ཀྱི་ར་རྒྱ་དགོན་གྱི་ས་ཆ་ནི།ཁ་རྒྱུན་ལ།རྨ་ཕ་རི་དྲོ་ལ་ཚུ་རི་དྲོ།།རྨ་དྲོ་དྲོ་ལུ་གུའི་མཁལ་ཁུག་ན།།རླུང་བསིལ་མས་རྩྭ་ཁྲལ་འཇལ་ས།།ཆབ་ཆུ་བོས་ཤིང་ཁྲལ་འཇལ་ས།།གླག་རོག་མོས་ཤ་ཁྲལ་འཇལ་ས།།ཞེས་པ་གླིང་སྒྲུང་དུ་ཡོད་པའི་གླིང་གིས་སྔོན་བཟུང་བའི་ས་ཡིན་ཟེར།།
རྨ་སྨད་དན་ཏིག་མན་ཆོད་ཀྱི་ཟ་ལར་ཁོག་གི་རྨ་ཆུའི་ཉིན་གྱི་ལམ་ཁར་གླིང་གེ་སར་གྱི་མདའ་གཞུ་འཇོག་ས་རེད་ཟེར་བའི་རྡོ་གྲུ་བཞི་མ་ཞིག་དང་།ཆིབས་རྟ་བཞོན་དུས་ཀྱི་ཞབས་སྟེགས་རེད་ཟེར་བའི་རྡོ་གྲུ་བཞི་མ་ཞིག་ཀྱང་འདུགགླིང་གི་རྗེས་ཤུལ་འདི་དགཕལ་ཆེར་རང་གིས་དངོས་སུ་མཐོང་བ་དང་།འགའ་ཞིག་ནི་ཡིད་རྟོན་རུང་བའི་མིའི་ངག་ལས་ཐོས་པ་ཡིན།དེའི་མི་ཚད་མདོ་ཁམས་ཀྱི་ས་ཆ་གཞན་དང་།རྨ་སྟོད་སྨད་བར་གསུམ་དུ་གླིང་གེ་སར་གྱི་དངོས་རྫས་དང་།རྗེས་ཤུལ་མང་པོ་ཡོད་ཟེར་བ་བདེན་མོད།བདག་གིས་ས་ཆ་འགའ་ཞིག་ལ་གོམས་པ་མ་བོར་ཞིང་།ངག་རྒྱུན་འགའ་ཐོས་ན་ཡང་ཁུངས་ལྡན་ཡིན་མིན་ཐེ་ཚོམ་ཅན་རྣམས་ནི་མ་བྲིས།རྨ་སྟོད་སྨད་བར་གསུམ་དབང་དུ་བསྡུས་ཞེས་པ་ནི།རྨ་ཆུའི་ཆུ་མགོ་ནས་བཟུང་སྟེ།ཟ་ལར་ཁོག་ཡར་མར་ནི་དབང་བསྒྱུར་ཡུལ་རྨ་ཆུའི་རྒྱུད་ཡིན་འདུགདེ་ལ་ཕྱིས་སུ་གླིང་གིས་ས་ཆར་ཆ་བགོས་ནས་སྲུང་དམག་འཇོག་ཡུལ་ནི།མཛོད་དགེ་སྟོད་ཡན་ཆད་རྨ་སྟོད་དུ་བརྩི་བ་ཡིན་ཏེ།གླིང་དཀར་སྟོད་ཟེར་བ་ནི་གླིང་གིས་བཟུང་བའི་ས་ཡིན་པས།གླིང་དཀར་དང་རྨ་སྟོད་དུ་བརྩིས་པས།སྟོད་ཟེར་བ་ཡིན་འདུག  ར་རྒྱ་དགོན་ཡང་མར་ལ་རྨ་སྐེད་དུ་བརྩི།ཟ་ལར་ཡར་མར་ལ་རྨ་སྨད་དུ་བརྩི།སྤྱིར་རྨ་ཆུ་ནི་ཤར་ཕྱོགས་སུ་བཞུར་ཏེ་རྒྱ་མཚོར་འདྲེས་པས།རྒྱ་ཡུལ་དུ་བཞུར་བའི་རྨ་ཆུ།བོད་རང་གི་སྐད་དུ་རྨ་ཆུའི་མཇུག་ཟེར་ཡང་འདིར་བཤད་པ་ནི་གླིང་གིས་དབང་བསྒྱུར་པའི་སའི་ཆ་བགོས་པ་རེད།འགའ་ཞིག་གིས་རྒྱ་ཡུལ་དུ་བཞུར་བའི་རྨ་ཆུ་ལ་བོད་ཀྱིས་ཀྱང་“ཧྭང་ཧུ”ཟེར།ཞེས་བཤད་པ་ནི་ལོ་རྒྱུས་ཡིག་ཆ་གང་གི་ཐོག་ཏུ་མེད་ལ།བོད་མི་སུའི་ཁ་སྐད་ལའང་མེད་དོ།།
རྒྱལ་རོང་ཁོག་གམ་རྒྱལ་མོ་ཚ་བ་རོང་དུ།ཨ་མྱེ་ཁུར་ཏུང(འདི་ནི་སྒྲ་ཙམ་བྲིས་པ་ཡིན།ཡིག་ཐོབ་ལ་ངེས་པ་མི་འདུག)ཟེར་བ་དེའི་ལོ་རྒྱུས་ཡོད་ཀྱང་།ས་ཆ་སོ་སོར་བཤད་ཚུལ་མི་འདྲ་བ་འདུགལ་ལས་གླིང་གི་སྤྲུལ་བ་ཡིན་ཟེར།ལ་ལས་ཐབ་ལྷ་ཡིན་ཟེར་ནས་ལྷ་སྒྲུང་རིང་བོ་རེ་བཤད་ཀྱིན་འདུག་དེང་སང་ལིས་ཤན་ཟེར་བའི་ས་ཆའི་རྒྱལ་རོང་གི་མིའི་གཏམ་རྒྱུད་ཅིག་ལ།ཨ་མྱེ“ཁུར་ཏུང”ནི་ཁྲོ་ཐུང་རེད།སྔར་ཁོས་ཧོར་དང་གཡུལ་བཀྱེས་པས།ཁོ་ཕམ་ཏེ་ཧོར་དམག་རྒྱལ་རོང་ཁོག་ཏུ་ཁྱབ།ཕྱིས་སུ་གླིང་དམག་གིས་ཧོར་རྒྱལ་རོང་ཡུལ་ནས་ཕུད་པའི་གཡུལ་ལས་ཀྱི་རྒྱལ་ཁ་ཐོབ་པའི་དུས་ཚིགས་དགའ་སྟོན་ནི།ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་རྒྱལ་རོང་ཡོངས་ལ་བྱད་ཀྱིན་ཡོད།དེ་དུས་སྟོན་རྩ་ཆེན་ཞིག་ཏུ་བརྩི་ལ།རྒྱལ་རོང་གི་ས་ཆའི་མི་སེར་ལ་ལས་དེ་ཅིའི་དུས་སྟོན་ཡིན་མི་ཤེས་ཟེར།ལ་ལས་ཨ་མྱེ“ཁུར་ཏུང”གི་རྗེས་དྲན་ཡིན་ཟེར།ལིས་ཤན་བཀྲ་ཤིས་གླིང་གི་དཔོན་རྒྱུད།དེང་སང་རྔ་བ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ།ལོ་དོན་བཞི་ལོན་པའི་ཤེས་ཡོན་ཅན་མིང་ལ་བཀྲ་ཤིས་རྣམ་རྒྱལ་ཟེར་བ་དེས་བཤད་དོན།དེ་ནི་ཧོར་གླིང་འཁྲུགས་སྐབས་རྒྱལ་རོང་ནས་ཧོར་ཕམ།བོད་རྒྱལ་བའི་དགའ་སྟོན་རེད་ཟེར།ཡང་ཁོས་ཟེར་བ།ཁོའི་སྐྱེ་ཡུལ་ཀན་ཕོ་སྡེ་ཤོག་གི་གོམས་སྲོལ་ལ།དུས་སྟོན་དེའི་ཉོན(ཧོར་ཟླ་༡༡ཚེས་༡༣ཉིན)དཔོན་འབངས་མཉམ་དུ་ཚོགས་ནས།དགའ་སྟོན་གཟབ་རྒྱས་བྱེད།གླུ་ལེན།བྲོ་རྡུང་།ཕྱེ་རིལ་སྣུམ་དུ་བཙོས་ནས་དགྲ་བོ་ཧོར་གྱི་མིག་ཡིན་ཟེར་ནས་ཟ།བདག་ཐུག་རིང་བོ་བཙོས་ནས་དགྲ་ཧོར་གྱི་རྒྱུ་མ་ཡིན་ཟེར་ནས་ཟ།ནང་རྩམ་པ་དང་སྣུམ་བསྲེས་ནས་ཕྱི་གྲོ་ཕྱེས་བཏུམ་སྟེ་འཁུར་བ་སྙིང་དང་འདྲ་བ་བཟོས་ནས་ཧོར་གྱི་སྙིང་ཡིན་ཟེར་ནས་ཟ་བའི་སྲོལ་བཅིངས་འགྲོལ་སྔོན་དུས་ཡོད་པ་དང་།དེ་གའི་མི་རྒན་ཚོའི་གཏམ་རྒྱུད་ལ།ཧོར་དམག་རྒྱལ་རོང་ཡུལ་ནས་ཕམ་ཏེ།ཟུང་ཆུ་ཕྱོགས་སུ་བྲོས།དེ་ནས་མཛོད་དགེ་ཕྱོགས་སུ་བྲོས་པ་བཤད་རྒྱུ་ཡོད་ཟེར་བའང་།ཧོར་གླིང་འཁྲུགས་ཕྱོགས་ཀྱི་སྤྱི་བབ་ལ་བལྟས་ན་བདེན་ཤས་ཆེ་སྙམ།
མདོར་ན།གླིང་སེང་ཆེན་གེ་སར་ནོར་བུ་དགྲ་འདུལ་ནི།མི་དངོས་ཡིན་པ།འཁྲུངས་ཡུལ་མདོ་ཁམས་ཡིན་པ་སོགས་ལ་སྔོན་གྱི་མཁས་མཆོག་རྣམས་ལ་འདོད་པ་མི་མཐུན་པ་བྱུང་མ་མྱོང་།ད་ལྟ་མི་རེ་རེས་རང་སྣང་གང་ཤར་རེ་བཤད་ཀྱིན་འདུག་སྙམ་ནས།རང་གི་མཐོང་ཚུལ་ཐོས་ཚུལ།བསམ་ཚུལ་ཅུང་ཟད་རེ་རྣམ་གཡེང་གི་ཁ་སྣོན་དུ་མཁོ་མེད་པཎ་རྒན་མགོ་སེ་དེས་བྲིས་པ་ལགས་སོ།།
 

  • ལེ་ཚན་སྔོན་མ།:གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས།
  • ལེ་ཚན་རྗེས་མ།:གླིང་གེ་སར་རྒྱལ་པོ་ཐོག་མ་འཁྲུངས་པའི་གནས་ལ་དཔྱད་པ།