འོ་མས་བཟོས་པའི་ཁ་ཟས།

སོག་རུ་ཀརྨ་ཀུན་ཁྱབ།        2015-04-30

འོ་མས་བཟོས་པའི་ཁ་ཟས།

སྤྲི།  སྤྲི་ནི་དཔྱིད་དུས་སོགས་ལ་བེའུ་དང་ལུ་གུ་སོགས་བཙས་མ་ཐག་གི་འོ་མ་ངོ་བོ་ཅུང་ཟད་གར་བ་དེ་ཉིད་སྐོལ་བ་ལས་བྱུང་བ་ཞིག་ཡིན་ཞིང་།འབྲས་ཐུག་ལྟར་སྐ་ལ་ཁ་དོག་ཅུང་ཟད་སེར་ཞིང་བྲོ་བ་དམིགས་བསལ་ཆེ་ལ། བཅུད་དང་ལྡན་པ་བཅས་ཁ་ཟས་གཞན་དང་འདྲེས་སྦྱོར་མེད་པར་འོ་མ་ཁོ་ན་ལས་བྱུང་བའི་རང་བྱུང་ཟས་རིགས་ཤིག་ཡིན་པ་དང་།མིའི་ལག་ཤེས་ཀྱིས་བཟོ་ཆོག་ཅིག་ཀྱང་མིན་པར་ངེས་པར་དུ་ཆུང་གསུམ་རིགས་བཙས་མ་ཐག་པའི་མ་འབྲི་ར་གསུམ་གྱི་འོ་མ་བསྐོལ་བ་ལས་འབྱུང་བ་ཞིག་ཡིན།ད་དུང་ར་ལུག་གི་འོ་སྤྲི་ནི་གར་ལ་འཚོ་བཅུད་ཆེ་བ་ཡོད་ལ་འབྲིའི་སྤྲི་དེ་ཅུང་སླ་ཞིང་སྣུམ་བཅུད་ཞན་པ་ཡོད་སྟབས།  འོ་སྤྲིའི་ནང་ནས་འབྲིའི་སྤྲི་དེ་ཞན་ཤོས་སུ་བརྩི་བ་བཅས་ཡིན།
   ཡང་སྤྲི་ལ་སྟབས་བདེའི་ལས་སྣོན་སྣ་ཚོགས་བྱས་ནས་ཟས་རིགས་མི་འདྲ་བ་ཁ་ཤས་ཡོད་པ་དཔེར་ན། འོ་སྤྲིའི་ནང་དུ་གྲོ་ཞིབ་བླུག་ནས་སྐྱོ་མ་འདུར་མོར་བཟོས་རྗེས་སླ་ངའི་ནང་མར་ཁུ་བཞུས་པའི་མར་ཁུའི་ནང་དུ་གཟར་བུས་བླུགས་ནས་ལེབ་མོར་བཟོས་ཏེ་ཁུར་བ་ལྟར་གར་བ་ཞིག་ཡིན་ཞིང་།དེ་ནི་བྲོ་བ་ལེགས་ལ་ལྟ་སྣང་མཛེས་པ་ཞིག་ཡིན།
  ཡང་སྤྲི་གྲོ་ཞེས་གྲོ་མ་བཙོས་པ་སྤྲིའི་ནང་བླུགས་ནས་ལོངས་སུ་སྤྱོད་སྲོལ་ཡོད་པ་དང་། ད་དུང་སྤྲི་བསྲེག་ཅེས་ཕྱུགས་རྫི་ཚོས་ལྕུམ་སྡོང་གི་ཚིག་མཚམས་ནས་བཅད་པའི་ནང་དུ་སྤྲི་བཞོས་ཏེ་རི་འགོར་ལྕི་བའི་མེ་སྒོང་བའི་ཐང་མེའི་ནང་བསྲེག་པས་དུས་ཡུན་ཐུང་ངུའི་ནང་སྤྲི་དེ་རྡོག་པོར་ཆགས་ནས་ལོངས་སུ་སྤྱད་ཆོག
   ཡང་ཡུལ་གྲུ་ལ་ལར་སྤྲི་རིལ་ཞེས་སྣོད་ཆས་ཀྱི་ཆ་རྐྱེན་མེད་པའི་རི་འགོར་བེའུ་སྐྱེས་འཕྲལ་ཕྱུགས་རྫིས་ཚོས་སྤྲི་བཞོས་རྗེས་སྤྲི་དེ་འབྲི་དེའི་ཕྲུ་མའི་ནང་དུ་རྡོག་ཆུང་ཆུང་དུ་ཐུམས་བརྒྱབ་ནས་དུ་བ་ཡལ་ཟིན་པའི་མེ་ཚ་འཇམ་རན་པོའི་དཀྱིལ་དུ་བཞག་ནས་ལེགས་བསྲེགས་ཟིན་རྗེས་ལོངས་སུ་སྤྱོད་པ་ཡིན། དེ་མིན་སྤྲི་རིལ་བརྒྱབ་པ་ཞེས་ཕྲུ་མའི་ནང་དུ་སྤྲི་ཐུམ་བརྒྱབ་ནས་སྣོད་ཆས་ཀྱི་ནང་དུ་ཆུ་བླུགས་ནས་བཙོས་ཏེ་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད།
འོ་འཐག   འོ་འཐག་ནི་འོ་མ་གང་རུང་ལྕགས་སླང་དང་རྫ་ཁོག་སོགས་སྣོད་ཆས་མཐུག་པོ་དག་གི་ནང་དུ་འོ་མ་དཀྲུག་དཀྲུག་གཏོང་གིན་མ་གར་མ་ཚིག་པར་སྐོལ་ནས་མཐར་རྡོག་པོར་ལེན་རྒྱུ་ཡོད་པ་ཞིག་ཏུ་ཆགས་རྗེས་བཟོ་དབྱིབས་རིལ་མོ་དང་གྲུ་བཞི་ལེབ་མོ་སོགས་སུ་བཟོས་ནས་ལོངས་སུ་སྤྱོད་ཆོག   དེ་ལ་བཟོ་ལུགས་ཅུང་མི་འདྲ་བ་འགའ་རེ་ཡོད་པ་དཔེར་ན། མར་ཁུ་ཅུང་ཟད་བླུག་ནས་བཟོ་སྲོལ་ཡོད་ལ། གྲོ་མའི་ཁུ་བ་ཅུང་ཟད་བླུག་ནས་ཁ་དོག་དམར་ཁམ་ཅན་རོ་མངར་ཤས་ཆེ་བར་བཟོ་སྲོལ་ཡང་ཡོད། འོ་འཐག་ནི་འཚོ་བཅུད་ཤིན་ཏུ་ཆེ་བས་ཟོས་དྲགས་ན་མཁྲིས་པ་སྐྱེད་ཉེན་ཡོད་པ་ལས། བྲོ་བ་མཆོག་ཏུ་བཟང་ལ་ངོ་བོ་སྣུམ་པ། བྱེས་སུ་ཁྱེར་བྱེད་དང་། གཞིས་སུ་ཉར་འཇོག་གང་ཡང་བྱེད་རུང་བའི་ཁ་ཟས་དམིགས་བསལ་ཅན་ཞིག་ཡིན་འདུག་ལ། བོད་བྱང་ཁུལ་ཤར་ངོས་ཀྱི་འབྲོག་ཁུལ་རྣམས་ནས་བཟོ་སྲོལ་ཡོད་པ་ཡིན།

འོ་མས་བཟོས་པའི་ཁ་ཟས།


སྤྲིས་མ།  སྤྲིས་མ་ནི་འོ་མ་འཁོལ་ནས་ཐབ་ལས་ཕབ་སྟེ་ཞོར་བསྙལ་ས་གཏན་ཁེལ་ཟིན་པའི་ས་ཆ་དཔེར་ན་ས་ཕག་སོགས་ལས་བཟོས་པའི་བང་ཁྲི་དང་།རྡོ་སྒྲོམ་བརྩིགས་པའི་སྟེང་དུ་ཧ་ལམ་སྐར་མ་བཅུའི་སྐོར་གྲང་ལ་ཕབ་རྗེས་འོ་མའི་ཁར་སྣུམ་ཤས་ཆེ་ལ་ཁ་དོག་ཅུང་ཟད་སེར་ཤས་ལྡན་པ་ཞིག་ཆགས་རྒྱུ་ཡོད་པར་དེར་སྤྲིས་མ་ཞེས་ཟེར། དེ་ནི་འབྲོག་ཟས་ཀྱི་ནང་ནས་གོ་གནས་མཐོ་བའི་ཁ་ཟས་ཤིག་ཡིན་པར་མ་ཟད། རོ་བཅུད་གཉིས་ལྡན། ཁ་ཟས་གཞན་དང་མཉམ་དུ་བསྲེས་ནས་ཟ་ཆོག་ལ། རྐྱང་པར་ཡང་སྤྱོད་རུང་བ་བཅས་ཁྱད་ཆོས་མངོན་གསལ་དོད་པའི་ཟས་རིགས་ཤིག་ཡིན།  སྤྲིས་མ་ཆགས་མཚམས་འོ་ཚགས་སམ། དེ་མིན་དཀར་ལས་ཡོ་བྱད་དག་གིས་བླངས་ནས་སྡེར་མ་སོགས་སུ་ཉར་ཚགས་བྱས་ནས་ཅུང་མང་པོ་བསགས་མཚམས་མེ་ལ་བཞུ་ནས་དྭངས་སྙིགས་ཕྱེས་པའི་དྭངས་མ་དེ་གྲོད་ཐུམ་བརྒྱབ་སྟེ་ཡུན་རིང་ཉར་ཚགས་བྱེད་ཆོག་པས།བྱེས་ལ་འགྲོ་དུས་དང་དཀར་ཆུའི་རིགས་དཀོན་པའི་ནམ་ཟླ་དཔྱིད་ཀ་སོགས་ལ་བེད་སྤྱོད་བྱེད་སྲོལ་ཡོད་ལ། དབྱར་དུས་སོགས་སུ་ཉིན་ལྟར་སྡེར་མ་ཞིག་གི་ནང་དུ་འོ་མ་སྐོལ་བའི་སྤྲིས་མ་རྣམས་གཅིག་ཏུ་བསགས་ཏེ། སྡེར་མ་ཁེངས་རྗེས་དེ་འཕྲལ་གྲོ་ཞིབ་བཙོས་པའི་བག་ལེབ་དང་། ཡོས་སོགས་ལ་བསྲེས་ནས་ཟ་བ། འགྲུལ་བཞུད་སྐབས་ཀྱི་གྲོ་ཆས་སུ་སྤྱོད་པ་བཅས་བྱེད་སྲོལ་མི་འདྲ་བ་འགའ་ཞིག་ཡོད། ཡང་ས་ཆ་འགའ་ཤས་ཀྱིས་འོ་མའི་ཁ་ནས་བླངས་འཕྲལ་ཧ་ཡང་ཁེབ་གཅོད་དང་ཤིང་ལེབ་སོགས་ཀྱི་སྟེང་དུ་ལེབ་མོར་བསིལ་སྐམ་དུ་བཏང་སྟེ་སྟོན་ཆེན་དག་གི་སྐབས་སུ་སྡེར་ཁ་སྒྲིག་བྱེད་ཀྱང་བྱེད་སྲོལ་ཡོད། སྤྲིས་མ་ནི་ནག་ཆུའི་ནུབ་རྒྱུད་དང་མངའ་རིས་ཀྱི་འབྲོག་ཁུལ་ཁག་ཏུ་དར་སོ་ཆེ་ཞིང་། ཀུན་གྱིས་ལོངས་སུ་སྤྱོད་སྲོལ་ཡོད་པའི་དཀར་ཆུའི་ཟས་རིགས་ཤིག་ཡིན་རུང་།ནག་ཆུའི་ཤར་རྒྱུད་སོགས་འབྲོག་ཁུལ་མང་པོར་འོ་མ་མ་སྐོལ་བར༼དཀྲོག༽བཤིག་ནས་མར་ལེན་སྲོལ་ཡོད་པ་དང་། ཞོ་དགོས་པ་ལྡན་སྐབས་འོ་མ་སྐོལ་ནས་འོ་མ་གྲང་འཕྲལ་སྤྲིས་མ་མ་བླངས་པར་ཞོར་བསྙལ་ནས་ལོངས་སུ་སྤྱོད་སྲོལ་མེད་སྟབས་སྤྲིས་མ་དེ་ཞོའི་ཁར་ཤིན་ཏུ་མཐུག་པོར་ཆགས་ནས་འདུག་གི་ཡོད་པས། ཞོའི་ཁ་སྤྲིས་ཞེས་ཟེར་གྱི་ཡོད་ལ། ནུབ་རྒྱུད་འབྲོག་པ་ཚོས་སྤྲིས་མ་ནི་འོ་མའི་སྐབས་བླངས་ཟིན་པས་ཞོ་ཆགས་པའི་ཁར་སྤྲིས་མ་སྲབ་མོ་ཞིག་ཆགས་རྒྱུ་མེད།

འོ་མས་བཟོས་པའི་ཁ་ཟས།
 

ཟོ་མོའམ་ཟོ་ཤེ   ཟོ་ཤེ་ནི་དོན་དུ་འོ་མ་འཇོ་སྣོད་དུ་འོ་མ་ལན་མང་བླུགས་པ་ལས་ཆགས་པ་དེར་གོ་དགོས་པ་དང་། ཟོ་མོ་ནི་བཅུད་ཆེ་ལ་སྣུམ་ཤས་དེ་ཙམ་མེད་པ། བྲོ་བ་དམིགས་བསལ་ལྡན་ཞིང་ཡིད་ཁར་འོང་བའི་དཀར་ཟས་ཤིག་ཡིན་ཞིང་། བཟོ་ལུགས་མི་འདྲ་བ་ཅུང་ཟད་ཡོད་ཀྱང་ཕལ་མོ་ཆེ་སྤེན་ཐུར་རམ། གླང་མ་དང་འཕང་མའི་ཡལ་ག་ཤུན་པགས་བཤུས་པའི་འཇམ་ལ། དཀར་ཞིང་མཉེན་ལྕུག་ལྡན་པའི་རིགས་སོགས་ཡུལ་ལུང་སོ་སོའི་ཤིང་ཆས་སྐྱེ་ཡུལ་གང་ཡོད་ལས་གཅིག་ཏུ་མ་ངེས་པ་གང་ཡང་རུང་བ་བཀོག་ནས་མེར་ཕྲན་བུ་བསྲེགས་ཏེ། ཅུང་ཟད་ཚ་མོ་ཆགས་རྗེས་པགས་པ་བཤུས་ནས་ལག་པའི་དབྱིབས་ལྟ་བུ་ཟིང་ཟིང་དེ་དག་ཆུ་ཚ་མོའི་ནང་དུ་ཐེངས་ཁ་ཤས་སྦང་བཀྲུས་བྱས་ནས་ཤིང་གི་བྲོ་བ་སོགས་ཁ་རྒྱུ་མེད་པའི་ཤིན་ཏུ་གཙང་མར་བཟོས་ཐོག་ཟོམ་དང་རྫ་ཁོག་སོགས་ཀྱི་ནང་དུ་སྒོར་མོར་དཀྱུས་ནས་འཇོག་པའམ། གཡས་གཡོན་སྣོན་མར་བཀྲམ་ནས་སྐམ་དུ་བཅུག་སྟེ་འོ་མ་འཇོ་སའི་སྣོད་ཀྱི་ནང་དུ་འཇུག་བདེ་ཆགས་པ་བྱེད་དགོས་པ་དང་།དེ་རྗེས་ནམ་དགོས་དུས་སུ་དེ་དག་འོ་མ་འཇོ་སའི་ཟོ་བའི་ནང་དུ་བཅུག་པའི་སྟེང་དུ་འོ་མ་འཇོ་བ་དང་། དེ་མིན་ཉིན་དགུང་སོགས་ལའང་དེའི་སྟེང་དུ་འོ་མ་རྒྱུན་དུ་བླུག་པས་ཉིན་ཤས་སོང་མཚམས་འོ་མའི་དྲེག་པ་ལྟ་བུ་ཞིག་ཤིང་ཐུར་དག་གི་སྟེང་ཧ་ལམ་སོར་གང་ཙམ་ཆགས་པའི་དུས་སུ་ལག་པ་གཙང་མར་བཀྲུས་ནས་སྣོད་གཙང་གཞན་ཞིག་གི་ནང་དུ་རེ་རེ་བཞིན་བཞར་རྗེས་མེ་ལ་བཞུས་པའི་ཁུ་བ་དེ་རྔ་ཚགས་སམ་རས་ཚགས་སུ་ལེགས་པར་བཙགས་རྗེས་ར་ལུག་གི་གྲོད་པའི་ནང་དུ་བླུག་སྟེ་སྦྲ་གུར་གྱི་གྱེན་ཐག་དང་། ཀ་བ་ཤར་ནུབ་གཉིས་ཀྱི་བར་དུ་ཐག་པ་བཏང་བ་ལ་དཔྱང་དུ་སྐམ་ནས་འཇོག་པ་ཡིན་ལ། བྱེས་ལ་ཁྱེར་རྒྱུ་དང་། དགའ་སྟོན་དུས་ཆེན་སྐབས་སུ་སྟོན་ཟས་སུ་སྤྱོད་པ་མ་ཟད། བཅུད་ཆེ་ལ་འཇུ་སླ་བས་བུད་མེད་སྦྲུམ་མ་ཕྲུ་གུ་བཙས་རྗེས་ལུས་ཟུངས་གསོ་བྱེད་གལ་ཆེན་ཞིག་ཀྱང་ཡིན། ཟོ་མོ་གྲོད་ལྟང་དང་སྤྲིས་མ་གྲོད་ལྟང་གཉིས་ཕྱི་ནས་བལྟས་ན་ཤིན་ཏུ་འདྲ་ཡང་། ཁ་ལ་བཟོས་ན་བྲོ་བའི་ཐད་ཁྱད་པར་ཆེ་བ་ཡིན། བོད་ཀྱི་ཡུལ་གྲུ་ལ་ལར་ཟོ་ཤེ་ཡིས་ཐུག་པའི་སྡོར་བྱེད་པ་དང་། ཇ་བཟོ་བའི་སྡོར་སོགས་ཀྱང་བྱེད་པ་ཡིན།  ཟོ་ཤེའི་ཁ་ཟས་བཟོ་ལུགས་གཞན་ཡང་མང་དུ་ཡོད་པ་ཟོ་ཤེ་གསར་པ་བཤུས་རྗེས་འཕྲལ་དུ་མར་ཁུའི་ནང་བཙོས་ནས་ཟ་བར་ཟོ་ཤེ་མར་ཁུ་དང་། རུ་བ་སྐྱ་སྤོས་བྱེད་པའི་འབྲོག་པ་ཚོས་རུ་བ་མ་སྐྱས་བར་དུ་ཟོ་ཤེ་གསོག་པ་དང། རུ་བ་སྐྱ་ཁར་ཟོ་ཤེ་བསྡུས་རྗེས་ལྷས་གསར་པར་སླེབས་དུ་ལོངས་སུ་སྤྱོད་པར་ལྷས་གསར་མར་ཁུ། དེ་མིན་ཟོ་ཤེ་མར་ཁུའི་ནང་བག་རིལ་བཏབ་ནས་ལོངས་སུ་སྤྱོད་སྲོལ་ཡོད་པ། ཡང་ཟོ་ཤེ་ཆགས་རྗེས་མར་ཁུའི་ནང་ལམ་སེང་བཙོས་པ་དེར་ཟོ་ཐལ་ཟེར་བ། ཡང་ཟོ་ཤེའི་ནང་ཕྱུར་ཞིབ་བསྲེས་ནས་སྐམ་དུ་བཏང་བར་ཟོ་སྐམ་ཟེར། གཞན་ཡང་ཡུལ་གྲུ་ལ་ལར་ཟོ་རློན་སྒོག་ཆུ་དང་། ཟོ་ཐལ་སྒོག་ཆུ། ཟོ་སྐམ་སྒོག་ཆུ་སོགས་མང་དུ་ཡོད་པར་སྐད།
  ཟོ་ཤེ་ནི་ཉིང་ཁྲིའི་སྤོ་བོ་རྫོང་ཁུལ་དུ་དར་ཁྱབ་ཆེ་ཞིང་། ཁུལ་དེའི་ཟས་རིགས་དམིགས་བསལ་ཅན་ཞིག་ཡིན་པ་དང་། ཟོ་ཤེ་ཡི་ཁ་ཟས་བཟོ་ལུགས་ཀྱང་རྣམ་པ་སྣ་ཚོགས་ཡོད་ཅིང་། ཉར་ཚགས་བྱེད་ལུགས་ཀྱང་དམིགས་བསལ་ཡོད་སྟབས་གནམ་གཤིས་ཚ་ཁུལ་ཡིན་རུང་ལོ་གཅིག་ཙམ་མི་རུལ་བར་གནས་ཐུབ་པ། ཕྱི་ཕྱོགས་འགྲུལ་པ་རྩ་ཆེན་རིགས་ལ་ཆེད་དུ་ཟོ་ཤེ་འདྲེན་པ་སོགས་བྱེད་སྲོལ་ཡོད་སྐད་འདུག་ཀྱང་། ཞིབ་ཕྲ་དཔྱད་གཞིའི་ཡིག་རིགས་དཀོན་ཞིང་། ཡུལ་དངོས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་གོ་སྐབས་མ་ཐོབ།
 
 

  • ལེ་ཚན་སྔོན་མ།:བོད་པའི་རྒྱུན་ཟས་ཤིག
  • ལེ་ཚན་རྗེས་མ།:མར་རྡོག་འདོན་པའི་བརྒྱུད་རིམ།
  • རྩོམ་གསར། 10