འབྲི་ཆུའི་ཆུ་ཁུག་དང་པོ།

ཡེ་མིང་ནས།        2010-12-10

རྩོམ་སྒྲིག་པའི་གཏམ།དེང་སང་གསར་དར་བྱུང་བའི་ཐོན་ལས་གསར་པ་ཡུལ་སྐོར་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་གཏོང་བ་དང་གཞོགས་འདེགས་ཡག་པོ་བྱེད་ཆེད།
རང་རེའི་ཁུལ་གྱི་མཛེས་ལྗོངས་རྣམས་སྤྲེལ་མཐུད་དུ་ཚགས་པར་གྱི་ཐོག་ཏུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།དེར་བརྟེན་རང་ཁུལ་གྱི་རྒྱ་ཆེའི་ཀློག་པ་པོས་ཚོས་མཛེས་ལྗོངས་ངོ་སྤྲོད་བྱེད་པའི་རྩོམ་ཡིག་ཇེ་མང་རེ་བྲིས་ནས་ངེད་གསར་འགྱུར་ཁང་དུ་བསྐུར་རོགས་ལགས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་གི་མངའ་ཁོངས་སུ་གནས་པའི་འབྲི་ཆུའི་ཆུ་ཁུག་དང་པོ་ནི་ཀྲུང་གོའི་མཛེས་ལྗོངས་ཆེན་པོ་བཞི་བཅུའི་ནང་གི་ཡ་གྱལ་ཞིག་ཡིན་པ་རེད།
 སྡེ་རོང་རྫོང་གི་མངའ་ཁོངས་ཧྲིལ་པོར་བརྒྱུད་པའི་སྡིངས་ཆུ་ཡིས་སྔོན་རྗེས་སུ་མ་ཡི་ཆུ་བོ་དང་ཤོག་ཆུ་གཉིས་ལ་བསུ་མ་བྱས་པའི་སྟངས་སྟབས་ཤིག་མངོན་མཐར་གཟོད་འབྲི་ཆུའི་ནང་དུ་འབབ།དེའི་རང་བྱུང་ཁམས་ཀྱི་ནུས་ཤུགས་ལ་བརྟེན་ནས་རི་གསུམ་གྱི་བར་དུ་ཡ་མཚན་ཆེ་བའི་མཛེས་ལྗོངས་ཤིག་གྲུབ་ཅིང་།གྲོག་རོང་བརྒྱུད་ནས་འབབ་པའི་འབྲི་ཆུ་ཡང་ས་གནས་དེར་སླེབས་དུས་གྲོག་རོང་གི་ཞེང་ཁ་ཇེ་ཆེར་གྱུར་པ་དང་གཙང་ཆུ་འབབ་པའི་སྟངས་སྟབས་ཀྱང་འཇམ་ཞིང་མཉེན་པོར་གྱུར་འདུག་པ་འདི་ནི་ས་གནས་དེ་རུ་སླེབས་སྐབས་དབུགས་ལྷོད་བྱས་ནས་ངལ་གསོ་ཕྲན་བུ་བརྒྱག་པ་དང་ཀུན་ནས་མཚུངས།དེ་དང་ཆབས་ཅིག་མཆོད་རྟེན་ཆགས་གཟུགས་དང་མཚུངས་པའི་རུ་སྟོད་ལ་ནི་གནས་སྐོར་བ་རྣམས་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་གྲུབ་པ་དེ་ནི་ཀྲུང་གོའི་མཛེས་ལྗོངས་བཞི་ཅུའི་ནང་གི་འབྲི་ཆུའི་ཆུ་ཁུག་དང་པོ་ཞེས་པ་དེ་ཡིན་པ་རེད།རྒྱུ་ཞགས་སྒོར་མོ་དང་མཚུངས་པའི་མཛེས་ལྗོངས་དེར་རང་གི་འདྲེན་བྱེད་དབང་པོས་ལོངས་སུ་སྤྱོད་དུས།མཛེས་ལྗོངས་དེའི་བརྗིད་ཉམས་དང་ཡ་མཚན་ཆེ་བ།གཡང་གཟར་བཅས་ལས་འགྲུབ་པའི་རང་བྱུང་གི་ཆོས་ཉིད་ལ་ཧ་ལས་དགོས་པ་ཞིག་རེད། ས་གནས་དེ་གའི་དམངས་ཁྲོད་ཀྱི་ངག་རྒྱུན་དུ་བཤད་པ་ལྟར་ན།ཡུན་ནན་བདེ་ཆེན་གྱི་གཞི་བདག་གིས་ཝ་ཁ་ཐང་གྲུ་ཁ་ཞིག་ཉིད་ཧམ་བཟུང་བྱེད་བསམ་ནས་སྦྲུལ་ཆེན་ཞིག་མངགས་ཏེ་འབྲི་ཆུ་དེ་བཀག་ནས་ཆུ་ཐམས་ཅད་ཐང་ཆེའི་སྟེང་ཕྱོགས་ནས་འབབ་བཅུག་ཐུབ་ནས་ཐང་ཆེན་ཉིད་རང་ལ་དབང་བ་རེད་བསམ།དེའི་དུས་སུ་སྡེ་རོང་གི་གཞིས་བདག་གིས་ཀྱང་ལྷ་བྱ་ཞིག་མངགས་ནས་སྦྲུལ་ཆེན་ལ་ཕར་རྒོལ་བྱེད་དུ་བཅུག་མཐར་ལྷ་བྱ་དེ་སྦྲུལ་ཆེན་ལས་རྣམ་རྒྱལ།འཐབ་འཛིང་བྱས་ནས་དུས་ཚོད་འགོར་བའི་དབང་གིས་འབྲི་ཆུ་ཡིས་ཝ་ཁ་ཐང་དེས་ལྷའི་གནག་ཕྱུགས་ཞིག་མངགས་ནས་ཆུ་ཐམས་ཅད་ཕར་བཀག་བཅུག དེར་བརྟེན་ཆུ་ཐམས་ཅད་ཐང་ཆེན་གྱི་འོག་ཕྱོགས་ནས་འབབ་མཐར་ཡ་མཚན་ཆེ་བའི་མཛེས་ལྗོངས་འདི་ཉིད་འགྲུབ་པ་རེད།དེང་སང་མིག་ལམ་དུ་མཐོང་རྒྱུ་ཡོད་པའི་འབྲི་ཆུའི་ཆུ་ཁུག་དང་པོའི་རུ་སྟོད་ལ་ནི་ལྷའི་གནག་ཕྱུགས་དེའི་གྲུབ་གཟུགས་ཡིན་པ་རེད་ཅེས་ས་གནས་དེ་གའི་དམངས་ཁྲོད་དུ་བཤད་རྒྱུ་འདུག།
 
 
 
  • ལེ་ཚན་སྔོན་མ།:ཆུ་ཀླུང་དང་མཚེའུ།
  • ལེ་ཚན་རྗེས་མ།:གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།