གཏེར་སྟོན་ཆེན་པོ་སེ་ར་ཡང་སྤྲུལ།

མཚོ་བྱུང་བཞད་པ་རྡོ་རྗེ།        2012-10-09

གཏེར་སྟོན་ཆེན་པོ་སེ་ར་ཡང་སྤྲུལ་ནི༼1925―1988༽བོད་རབ་བྱུང་བཅོ་ལྔ་བའི་ཤིང་གླང་ལོར་གསེར་རྟ་རྫོང་སྙི་སྟོད་ཤང་གི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས།ཁོང་ནི་དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་གྱི་རྣམ་སྤྲུལ་ཡིན་པར་བཤད།དགུང་ལོ་གསུམ་གྱི་སྟེང་དུ་སེ་ར་དགོན་པའི་ཨ་བོས་བསོ་རྒན་སྤྲུལ་སྐུ་དང་འཇམ་དབྱངས་མཁྱེན་རྩེ་སྤྲུལ་སྐུ་རྣམ་གཉིས་ཀྱི་གཏེར་སྟོན་དྲི་མེད་འོད་ཟེར་གྱི་ཡང་སྲིད་སྤྲུལ་སྐུལ་ངོས་བཟུང་ཞིང་ཁྲི་འདོན་མངའ་གསོལ་བྱས་མྱོང་བ་རེད།དགུང་ལོ་ཆུང་དུས་ནས་སེ་ར་དགོན་པར་ཡི་གེ་འབྲི་ཀློག་སྦྱོང་བ་ནས་དགོན་པའི་ཆོ་གའི་ཕྱག་སྲོལ་མ་ལུས་རིམ་གྱིས་ཐོས་བརྩོན་སློབ་གཉེར་བྱས་ཏེ་མཁས་པར་གྱུར།རྗེས་སུ་དབུས་ཕྱོགས་སུ་ཕེབས་ནས་གྲྭ་ས་རྣམས་སུ་སྦྱང་བརྩོན་ལྷོད་མེད་བྱས་མཐར་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་གྲལ་དུ་སོན།ཁོང་ནི་གསང་གཏེར་དངཁྲོམ་གཏེར་གང་བཞེས་པར་ཐོགས་པ་མེད་ལ་མདོ་ཁམས་ཕྱོགས་སུ་སྐད་གྲགས་ལྡན་ཞིང་མིང་དོན་མཚུངས་པའི་གཏེར་སྟོན་ཆེན་པོ་ཞིག་ཏུ་ངེས་སོ། །ཁོང་གིས་ཟབ་གཏེར་སྣ་ཚོགས་སྤྱན་དྲངས་པའི་ནང་དུ་གེ་སར་ནོར་བུ་དགྲ་འདུལ་གྱི་སྒྲུབ་ཐབས་༼འཁྲུགས་སྐོང་འཁུ་ལྡོག་རང་གྲོལ་༽དང་གེ་སར་གསོལ་མཆོད་སྐོར་ལ་༼གེ་སར་ཡང་ཟབ་གནད་ཀྱི་ཚོགས་མཆོད༽གཉིས་ང་ཚོའི་འདྲེན་བྱེད་མིག་གི་བདུད་རྩི་རུ་མཆིས་སོ། །ཉིན་ཞིག་ཁོང་གསེར་རྔ་ལ་སྟག་རྩེ་གནས་སུ་བྱོན་སྐབས་གང་ནས་བྱུང་བར་མི་ཤེས་པའི་གློ་བུར་དུ་ལྕགས་ཀྱི་མདའ་མོ་གཞི་འདོམ་གང་ཡོད་པ་ཞིག་ལག་ཏུ་བབ་པར་“འདི་ནི་འདན་མའི་ལྷ་མདའ་རེད་”ཅེས་གསུངས།ད་ལྟ་གསེར་རྟ་རྫོང་གེ་སར་དངོས་མང་གཤམ་སྟོན་ཁང་དུ་མཇལ་རྒྱུ་ཡོད་པ་རེད།གཞན་ཡང་ཁོང་གིས་གེ་སེར་རྒྱལ་པོའི་སྒྲོམ་བུ་ཞིག་གཏེར་དུ་བཞེས་ཡོད་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད།གཏེར་སྒྲུང་འདོན་ཞིང་གཏེར་སྒྲུང་རྒྱུད་འཛིན་དར་སྤེལ་གཏོང་བར་མཛད་རྗེས་རླབས་ཆེན་བཞག་རྗེས་བོད་རབ་བྱུང་བཅུ་བ.ན་པའི་ས་འབྲུག་ལོར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།  །
  • ལེ་ཚན་སྔོན་མ།:གཏེར་སྟོན་ཆེན་པོ་ཀུན་བཟང་ཉི་མ།
  • ལེ་ཚན་རྗེས་མ།:མཁའ་འགྲོ་མ་ཏཱ་རེ་ལྷ་མོ།