ཆོས་ཀྱི་རྒྱལ་མཚན།

འཕྲིན་དགའ།        2012-10-09

གླིང་སྒྲུང་རིག་གནས་སྒྱུ་རྩལ་གྱི་ཕུལ་བྱུང་མི་སྣ་ཆོས་ཀྱི་རྒྱལ་མཚན་ནམ་ཆོས་ཀྱིས་ནི་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་འབྲུག་གི་ལོ་སྤྱི་ལོ་༡༩༦༤ལོར་ཕ་ཡབ་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་དང་མ་ཡུམ་ཨ་སྐྱབས་བཟའ་དང་པོ་གཉིས་ཀྱི་བུ་རུ་སྐྱེས།ཁོ་སློབ་རན་བྱིས་པ་གྱུར་ཚེ་རྣུ་ཟོག་སློབ་ཆུང་ནས་ལོ་དྲུག་ལ་སློབ་སྦྱོང་བྱས་ཏེ་སྦྱང་འབྲས་ཅུང་ལེགས་པ་ཐོབ།༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ལོ་གཉིས་ཀྱི་རིང་ལ་བོད་ཡིག་ཟབ་སྦྱོང་བྱས།དེ་ནས་རིམ་གྱིས་གསེར་ཐར་རྫོང་ཏང་གི་སློབ་གྲྭ་དང་རིག་གནས་ཁང་གི་དགེ་རྒན་བྱས་མཐར་༡༩༨༨ལོར་གསེར་ཐར་རྫོང་རྣམ་ཐར་ཚོགས་པའི་ནང་དུ་དངོས་སུ་ལས་གནས་སྤོས་ཏེ་དགེ་རྒན་གྱི་འགན་ཁུར།དེ་ནས་བཟུང་སྟེ་ཁོང་གིས་ཕྱོགས་གཅིག་ནས་རང་གིས་རང་ལ་རེ་འདུན་ནན་པོ་བཏོན་ཞིང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དར་སྤེལ་ནས་དམངས་ཁྲོད་ཕུལ་བྱུང་རིག་གནས་སྒྱུ་རྩལ་མྱུར་སྐྱོབ་དང་རྒྱུན་འཛིན།དར་སྤེལ་བཅས་གཏོང་བར་དམིགས་འབེན་དུ་བཟུང་སྟེ།བོད་ཀྱི་རྣམ་ཐར་འཁྲབ་སྟོན་བྱེད་པར་མོས་གུས་སྤྲོ་སེམས་ཆེ་ཞིང་བོད་ཀྱི་རྣམ་ཐར་འཁྲབ་སྟོན་བྱེད་པར་སྤྱང་གྲུང་འཇོན་ཐང་ལྡན་པའི་ན་གཞོན་མང་པོ་བསྐྱེད་བསྲིང་བྱས་ཏེ།གནའ་ཉམས་བག་ཆགས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་ཉམས་འགྱུར་གྱི་ཁྱད་ཆོས།གསར་གཏོད་གསར་སྤེལ་གྱི་ཁྱད་ཆོས་ལྡན་པའི་རྣམ་ཐར་ཚོགས་པ་ཞིག་ཆགས་ཐབས་བྱས་ཡོད་པ་དང༌།ཕྱོགས་གཞན་ཞིག་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ལ་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་འཛོམས་པའི་རྣམ་ཐར་འཁྲབ་གཞུང་ལ་ཁོངས་བཅོལ་ཞིང་རང་ཉིད་ཀྱི་ཁྱད་འཕགས་འཇོན་ཐང་འདོན་སྤེལ་གང་ལེགས་བྱས་ཏེ།བོད་རིགས་མང་ཚོགས་ཀུན་ལ་ལྟ་འདོད་ལ་ཉན་སྤྲོ་ཆེ་བའི་མི་རིགས་ཕུལ་བྱུང་རིག་གནས་ཀྱི་གཙུག་རྒྱན་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་སོགས་བོད་ཀྱི་རྣམ་ཐར་སྣ་ཚོགས་འཁྲབ་གཞུང་དུ་བཟོ་རྒྱུ་ནི་ཕྲག་སྟེང་དུ་བབ་པའི་དོར་ཐབས་མེད་པའི་འོས་འགན་ཞིག་ཏུ་བརྩིས་ནས་མཁས་བརྒྱ་འགྲན་གླེང་དང་སྙིགས་དོར་བཅུད་ལེན་གྱི་བྱེད་ཐབས་སྤྱད་ནས་འཁྲབ་གཞུང་སྣ་ཚོགས་སྔར་ཡོད་ལེགས་བཅོས་དང་སྔར་མེད་གསར་བརྩོམ་གྱི་བྱ་བ་མང་དུ་བསྒྲུབ་གཉེར་བྱས་པར་བརྒྱུད་དེ།༼རྟ་རྒྱུགས་རྒྱལ་འཇོག༽དང་༼མངའ་རིས་གསེར་རྫོང༌།༽༼དམྱལ་གླིང༌།༽༼འདན་མའི་ནས་རྫོང་༽༼ཁ་ཆེའི་ར་རྫོང་༽སོགས་༼གླིང་སྒྲུང་༽སྐོར་དང༌།༼རྒྱལ་པོ་དྲི་མེད་ཀུན་ལྡན་༽དང་༼འགྲོ་བ་བཟང་མོ་༽༼སྣང་ས་འོད་འབུམ༽སོགས་རྣམ་ཐར་སྣ་ཚོགས་ཀྱི་འཁྲབ་གཞུང་བཟོས་ཡོད་པ་ལ་རྒྱལ་ཁབ་རིག་གནས་པུའུ་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་གོང་རིམ་རིམ་པ་ལྟར་གྱི་ལས་ཁུངས་ཀྱིས་གཟེངས་བསྟོད་མཚན་སྙན་གནང་ཡོད་པ་མ་ཚད།མདོ་དབུས་ཁམས་གསུམ་གཙོ་བོ་ཡིན་པའི་ས་ཆ་མང་པོར་རྣམ་ཐར་སྣ་ཚོགས་འཁྲབ་སྟོན་བྱེད་པར་རྒྱ་ཆེ་བའི་ལྟད་མོ་བ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང༌།རྣམ་ཐར་འཁྲབ་སྟོན་བྱེད་ཚུལ་བོད་ལྗོངས་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང༌།ཁམས་པའི་བརྙན་འཕྲིན་ཁང་སོགས་སུ་བརྒྱུད་གཏོང་བྱས་མྱོང་བ་རེད།གསེར་ཐར་རྫོང་གེ་སར་རྣམ་ཐར་ཚོགས་པ་བཙུགས་ཤིང་མུ་མཐུད་དུ་བརྒྱུད་ཆགས་ཀྱིས་དར་སྤེལ་གཏོང་བར་འོད་སྟོང་འབར་བའི་མཛད་རྗེས་རླབས་ཆེ་ཞིང་བསུབ་ཏུ་མེད་པར་བཞག་རྗེས་༢༠༠༨ལོར་དགོངས་པ་རྫོགས་སོང༌།
  • ལེ་ཚན་སྔོན་མ།:གླིང་སྒྲུང་སྒྱུ་རྩལ་པ་པདྨ་སྐྱབས།
  • ལེ་ཚན་རྗེས་མ།:པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན།
  • རྩོམ་གསར། 10