སྨན་བླ་སྐྱབས་ཀྱི་ཡི་གེར་ཕབ་ཡོད་པའི་བཞད་གད་ཟློས་གར་ཆེད་བསྒྲིགས་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་རེད།

        2010-09-01

རྒྱུས་ལོན་པའི་གནས་ཚུལ་ལྟར་ན། མིང་གྲགས་ཆེ་བའི་བོད་ཀྱི་ཁ་ཤགས་བཞད་གད་སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱི་བཞད་གད་ཆེད་བསྒྲིགས«སྨན་བླ་སྐྱབས་ཀྱི་བཞད་གད་ཟློས་གར་ཆེད་བསྒྲིགས»ཞེས་པ་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་རེད། རེབ་འདིའི་བཞད་གད་ཟློས་གར་ཆེད་བསྒྲིགས་ནང་སྨན་བླ་སྐྱབས་ཀྱིས་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་ལོ་རྒྱུན་དུ་སྒྲུབ་བཞིན་པའི་བོད་ཀྱི་ལོ་སར་རིག་རྩལ་དགོང་ཚོགས་སྟེང་འཁྲབ་སྟོན་བྱས་པའི་བཞད་གད་ཁ་ཚང་བདམས་ཡོད་ལ། དེ་ལས«ཟུར་གཉིས»དང«སྐུད་མེད་ཁ་པར» «གེ་སར་རྟ་རྫིའི་ཁག་གསུམ་པ»སོགས་བརྩམས་ཆོས་ལེགས་གྲས་དག་ལ་རྒྱ་ཆེའི་ལྟད་མོ་བ་ཡོངས་ཀྱི་དགའ་བསུ་ལྷག་ཏུ་ཐོབ་ཡོད། ཆེད་བསྒྲིགས་དེའི་ནང་ད་དུང་ཁོས་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས2010ལོར་བསྒྲུབས་པའི་བོད་ལྕགས་ཕོ་སྟག་ལོའི་ལོ་སར་དགོང་ཚོགས་སྟེང་འཁྲབ་སྟོན་བྱས་པའི«རོལ་མོ་པ་དང་གྱེར་འདོན་མཁན»ཞེས་པ་ཡང་བདམས་འདུག

    གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན། བཞད་གད་ཆེད་བསྒྲིགས་དེའི་འཁྲབ་སྟོན་གྱི་སྐད་ཆ་ཚང་མ་ཡི་གེར་ཕབ་ཡོད་པས་བོད་ཆོལ་ཁ་གསུམ་གྱིས་རོལ་མྱོང་བྱ་བ་ལ་སྟབས་བདེ་ལེགས་པོ་བསྐྲུན་ཡོད།    

  • ལེ་ཚན་སྔོན་མ།:རྡུང་ལེན་པ་གྲགས་ཅན་རྡོ་རེད་ཀྱི་རྡུང་ལེན་འོད་སྡེར་གསར་བ་བཀྲམས་པ།
  • ལེ་ཚན་རྗེས་མ།:གླུ་མ་བསོད་ནམས་དབྱངས་ཅན་གྱི་ཆེད་བསྒྲིགས་བརྙན་འཁོར་གསར་པ་འགྲེམ་སྤེལ་བྱས་པ།