མི་ཆོས་གཙང་མ་བཅུ་དྲུག

        2010-08-31

   སྤྱིར་མི་དགེ་བ་བཅུ་སྤོང་བའི་སྟེང་དུ་མ་ལ་མར་འཛིན་པ། ཕ་མ་ཕར་འཛིན་པ། དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་བཀུར་བ། བྱས་པ་དྲིན་དུ་གཟོ་བ། གཞན་ལ་ངན་གཡོ་སྤོང་བ་སྟེ་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་སུ་བཅས།གཞན་ཡང་།

 

      དཀོན་མཆོག་སྐྱབས་བཟུང་དད་ཅིང་གུས་པས་མཆོད།། ཕ་དང་མ་ལ་དྲིན་གཟོ་བཀུར་བསྟི་བྱ།། དྲིན་ཅན་ཡིད་མི་གཅོད་ཅིང་བཟང་ལན་འཇལ།། མཐོན་པོ་རྣམས་ལ་མི་རྒོལ་སྨྲས་ན་ཉན།། ལས་སྤྱོད་ཐམས་ཅད་ཡ་རབས་རྗེས་སུ་འབྲང་།། ཆོས་དང་ཡི་གེ་བློ་འཇུག་དོན་ཤེས་བྱ།། རྒྱུ་འབྲས་ཡིད་ཆེས་སྡིག་པའི་ལས་ལ་འཛེམ།། གཞན་ལ་བསམ་ངན་མི་བྱ་ཕན་པ་གདངས།། ཅི་བྱེད་རང་སེམས་དཔང་བཞག་དྲང་པོར་བྱ།། ཟས་དང་ཆང་ལ་ཚོད་ཟིན་ཁྲེལ་འཛེམ་བྱེད།། སྐྱིན་པ་བུ་ལོན་ལ་སོགས་དུས་སུ་གཞལ།། བྲེ་སྲང་སོགས་ལ་གཡོ་ཟོལ་སྤང་བར་བྱ།། མ་བཅོས་ལས་ལ་དོན་མེད་ཁ་གཏོགས་སྤང་།། རང་ཚུགས་བཟུང་ནས་བསྒྱུར་ཁ་ལྕི་བར་བྱ།། མནའ་དང་དམ་བཞག་སྲོལ་ལྟར་གཅེས་པར་འཛིན།། དེ་ལ་སོགས་པ་བཀའ་ཡི་དྲིལ་བསྒྲགས་ཏེ།། ཡ་རབས་བཟང་པོའི་ལུགས་ཀྱི་བསྟན་བཅོས་དང་།། ཕྱི་མར་ཕན་བདེའི་གོ་འཕང་དམ་པ་ལ།། བོད་འབངས་ཐམས་ཅད་བཀོད་དེ་བདེ་ཞིང་སྐྱིད།། ཅེས་པ་ལྟར་དང་།

 

རྒྱལ་རབས་གསལ་བའི་མེ་ལོངལས།

༡དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་དད་པ་དང་མོས་གུས་བྱབ་བ།

༢ཕ་མ་ལ་དྲིན་དུ་གཟོ་ཞིང་བཀུར་བསྟི་བྱ།

༣མི་དྲིན་ཅན་དང་ཕ་ཁུ་རྒན་གསུམ་གྱི་ཡིད་མི་གཅོད་པ།

༤བཟང་པོ་ལ་བཟང་ལན་བྱེད་པ།

༥མི་ཡ་རབས་དང་རིགས་བཙུན་པ་ལ་མི་རྒོལ་ཞིང་དང་དུ་ལེན་པ།

༦ལས་དང་སྤྱོད་པ་ཐམས་ཅད་ཡ་རབས་ཀྱི་རྗེས་སུ་འབྲང་བ།

༧ལྷ་ཆོས་དང་ཡི་གེ་ལ་བློ་འཇུག་ཅིང་དོན་ཤེས་པར་བྱ་བ།

༨ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་མི་དགེ་བ་འབའ་ཞིག་ལ་འཛེམ་པ།

༩མཛའ་བཤེས་དང་ཁྱིམ་མཚེས་ལ་ཕན་འདོགས་ཤིང་གནོད་སེམས་མི་བྱ་བ།

༡༠གཞི་དྲང་པོར་བྱ་ཞིང་བློ་སེམས་དཔང་དུ་འཇོག་པ།

༡༡ཟས་ཆང་ལ་ཚོད་འཛིན་ཅིང་ཁྲེལ་ཡོད་པར་བྱ་བ།

༡༢བུ་ལོན་དུས་སུ་འཇལ་བ།

༡༣བྲེ་སྲང་ལ་གཡོ་ཟོལ་མི་བྱ་བ།

༡༤མ་བསྐོས་ཤིང་མ་བཅོལ་བའི་བྱ་བ་རྟོག་འཇུག་མི་བྱ་བ།

༡༥གྲོས་ཀྱི་ནང་དུ་བུད་མེད་ཀྱི་ཁ་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།

༡༦ཡིན་མིན་གྱིས་མ་ཚང་བ་བྱུང་ན་ཡུལ་ལྷ་བསྟན་སྲུང་དཔང་དུ་བཙུགས་ནས་མནའ་བྱེད་པ་བཅས་སོ།།

      དེ་ལྟར་མི་ཆོས་གཙང་མ་བཅུ་དྲུག་ནི་ལོ་རྒྱུས་དེབ་ཐེར་ཁག་ལས་བཞེད་པ་ཕལ་ཆེར་གཅིག་མཐུན་དུ་བྱུང་ཡོད་ལ་གཙོ་བོར་མིའི་སྤྱོད་བཟང་སྟོན་པའི་སྲོལ་ལུགས་ཤིག་ཡིན་པ་ལས།ཉེས་ཆད་གཅོད་བྱེད་ཀྱི་བཀའ་ཁྲིམས་ནི་མ་ཡིན་ནོ།།

 

  • ལེ་ཚན་སྔོན་མ།:བོད་བཙན་པོའི་དུས་ཀྱི་ཁྲིམས་སྲོལ་ཁོད་སུམ་ཅུ་སོ་དྲུག་ངོ་སྤྲོད།
  • ལེ་ཚན་རྗེས་མ།:ཁྲིམས་ ཡིག་ ཞལ་ ལྕེ་ བཅུ་ དྲུག