དཔོག་པར་དཀའ་བའི་གནའ་བོའི་མཁར་ཤུལ།

    དཀར་མཛེས་ཉིན་རེའི་ཚགས་པར་ལས་དྲངས།    2010-04-26

 

དཔོག་པར་དཀའ་བའི་གནའ་བོའི་མཁར་ཤུལ།
བག་ཕེབས་ངང་གངས་ཅན་ཡུལ་གྱི་རི་ཀླུང་དུ་འགྲིམས་པའམ་གྲོང་སྡེ་དང་འབྲོག་ཁུལ་སོགས་སུ་ཕྱིན་པའི་སྐབས་སུ།མཐོང་སྣང་གསལ་པོ་དང་མི་སེམས་གཡོ་འགུལ་གཏོང་བའི་གནའ་བོའི་བཟོ་བཀོད་རིགས་ཤིག་བར་མེད་དུ་སྐྱེ་བོ་དག་གི་འདྲེན་བྱེད་ཡུལ་དུ་མངོན་ཡོང་།མཟོ་བཀོད་དེ་དག་མིག་མཐོང་ལག་ཟིན་ཡིན་པར་མ་ཟད།དེའི་སྐོར་གྱི་གནས་ཚུལ་ལོ་རྒྱུས་དེབ་ཐེར་མང་པོ་ཞིག་གི་ནང་དུ་དངོས་སུ་མཐོང་རྒྱུ་ཡང་ཡོད་ལ།དམངས་ཁྲོད་ངག་རྒྱུན་ཀྱང་དུ་མ་མཆིས་པས།འཇིག་རྟེན་གང་ཟག་མང་པོའི་ཡིད་དབང་འཕྲོག་པ་དང་ཆབས་ཅིག་ཏུ་ཆེད་རམས་པ་མང་པོའི་མཐོང་ཆེན་བྱ་ཡུལ་དུ་འགྱུར་ཡོད།བཟོ་བཀོད་དེ་དག་ནི་གནའ་བོའི་བོད་མི་དག་གི་ཡིད་སྤྲུལ་ལས་བྱུང་བའི་མཁར་ཤུལ་རེད།གངས་ཅན་ལྗོངས་འདིར་རོང་བྲག་ཡུལ་དུ་གནའ་བོའི་མཁར་ཤུལ་མང་ཙམ་ལྷག་ཡོད་པར་བརྟེན་ནས་མཁར་སྟོང་གི་རྒྱལ་ཁམས་ཞེས་པའི་མཚན་སྙན་ཐོབ་ཅིང་སྙན་པའི་གྲགས་པ་ང་ཚོ་མིའི་རིགས་འཚོ་བཞེས་བྱེད་བཞིན་པའི་གོ་ལའི་ཟླུམ་པོ་འདིའི་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད་པ་དང་།རོང་བྲག་ཡུལ་ཕུད་ཁར།ད་དུང་ཡུལ་མང་པོ་ཞིག་ལ་གནའ་བོའི་མཁར་ཤུལ་དངོས་སུ་མཐོང་རྒྱུ་ཡོད།ཡིན་ན་ཡང་།མཁར་གྱི་གྲངས་མང་ཉུང་དང་།ཁྱབ་རྒྱའི་ཆེ་ཆུང་སོགས་རོང་བྲག་ཡུལ་གྱི་རྗེས་སུ་བཟུང་ཐུབ་མཁན་གྱི་ཡུལ་གཞན་མེད་པས།རོང་བྲག་ཡུལ་ལ་མཁར་སྟོང་གི་རྒྱལ་ཁམས་ཞེས་པའི་མཚན་སྙན་ཐོབ་པ་ནི་མིང་དོན་མཚུངས་པ་ཞིག་རེད།   ཚན་རིག་ལག་རྩལ་གྱི་ཆུ་ཚད་ཧ་ཅང་མཐོན་པོར་ཕྱིན་པའི་དེང་དུས་སུ།གནའ་བོའི་བོད་མི་དག་གི་བློ་རིག་ལས་ཐོན་པའི་བཀོད་པ་དེར་གོ་ལ་ཆེན་པོ་འདིའི་ཐོག་གི་མཐོང་སྣང་དུ་གྱུར་བའི་སྐྱེ་བོ་རབ་འབྲིང་ཐ་གསུམ་ཚང་མས་ངོ་མཚར་དང་ཡིད་སྨོན་ཚད་མེད་སྐྱེས་ཡོད་ལ།བློས་དཔོག་དཀའ་བའི་གནས་སུ་ཡང་གྱུར་རོ།མིག་སྔར།འཛམ་གླིང་ཐོག་ཆེད་རམས་པ་དོན་གཉེར་ཅན་མི་ཉུང་བ་ཞིག་གིས་གནའ་བོའི་མཁར་ཤུལ་གྱི་སྐོར་ཞིབ་འཇུག་རྩེ་གཅིག་ཏུ་གཞོལ་བས།གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཡོད་པ་རེད།
  མཁར་གྱི་གནའ་ཤུལ་ཁྱབ་ཡུལ།  བོད་རིག་པའི་མཁས་པ་ཆེན་མོ་དབྱང་ཅྰ་མིན་ལགས་ཀྱིས་བརྩམས་པའི《མཁར་སྟོང་གི་རྒྱལ་ཁམས   རོང་བྲག་ཅེས་པའི་དཔེ་ཆ་ནང་ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར་མཁར་གྱི་གནའ་ཤུལ་ཁྱབ་ས་གཙོ་བོ་རང་རྒྱལ་གྱི་སི་ཁྲོན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གཉིས་དང་།བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ།ཉལ་ཁྲི་ས་ཁུལ།ལྷོ་ཁའི་ས་ཁུལ།གཞིས་ཀ་རྩེའི་ས་ཁུལ་བཅས་ཡིན་ལ།རང་ཁུལ་ལ་ཆ་བཞག་ནས་བཤད་ན།རོང་བྲག་དང་དར་མདོ།རྟའུ།ཉག་ཆུ་ཁ།བརྒྱད་ཟིལ།ཕྱག་ཕྲེང་།དཔལ་ཡུལ།སྡེ་དགེ  ཉག་རོང་།ལི་ཐང་།སྡེ་རོང་།འབའ་ཐང་སོགས་རྫོང་ཁག་ཏུ་མཁར་གྱི་གནའ་ཤུལ་ཁྱབ་ས་གཙོ་བོ་ཡིན་པ་རེད།རྫོང་དེ་དག་གི་ཡུལ་ལུང་དུ་གནའ་མཁར་དངོས་སུ་མཐོང་ལམ་དུ་གྱུར་རྒྱུ་ཡོད།བོད་ལྗོངས་ཀྱི་ལྷོ་ཁ་ས་ཁུལ་དང་།སི་ཁྲོན་གྱི་རྒྱལ་རོང་ཡུལ་གཉིས་ལ་གནའ་བོའི་མཁར་ཤུལ་མང་ཞིང་ཆ་ཚང་དང་།ལོ་རྒྱུས་ཀྱང་ཡུན་རིང་ལྡན་པས།གནའ་མཁར་ཁྱབ་སའི་ལྟེ་བའི་ས་ཁུལ་གཉིས་སུ་བརྩིས་ཡོད་པ་རེད།
  གནའ་མཁར་གྱི་རིགས་དབྱེ།  འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་དང་མིག་སྔར་གྱི་ཞིབ་འཇུག་བྱེད་ཚུལ་ལྟར་ན།བོད་གངས་ཅན་ཡུལ་གྱི་གནའ་མཁར་ལ་འཛུགས་སྐྲུན་རྒྱུ་ཆའི་ཐོག་ནས་རིགས་གསུམ་བགོས་ཡོད་དེ།གཅིག་ནི་ཕྱིར་གྱང་བརྒྱབ་ཅིང་ནང་ལ་ཤིང་ཆ་སྤྱོད་པའི་ས་མཁར།དེ་ལྟ་བུ་མཁར་ནི་གཙོ་བོ་རང་ཁུལ་གྱི་ཧ་ཅང་དཀོན་པོ་ཡིན་པ་གྲགས།གསུམ་ནི་ཕྱིར་རྡོས་རྩིག་པ་བརྩིགས་ཤིང་ནང་ལ་ཤིང་ཆ་སྤྱོད་པའི་རྡོ་མཁར།བོད་གངས་ཅན་གྱི་ཡུལ་དུ་ཁྱབ་པའི་གནའ་མཁར་ཕལ་ཆེར་རྡོ་མཁར་ཡིན་པ་རེད།   གནའ་མཁར་གྱི་ཕྱིའི་དབྱིབས་ལ་ཟུར་མང་ཉུང་གི་ཐོག་ནས་རིགས་དུ་མ་དབྱེ་ཡོད་ལ།ཟུར་གསུམ་ཅན་དང་།ཟུར་བཞི་ཅན།ཟུར་ལྔ་ཅན།ཟུར་དྲུག་ཅན།ཟུར་བརྒྱད་ཅན།ཟུར་བཅུ་གཉིས་ཅན།ཟུར་བཅུ་གསུམ་ཅན་བཅས་ཡོད་ཅིང་།དེའི་ནང་ནས་ཟུར་བཞི་ཅན་གྱི་མཁར་ནི་ཆེས་མང་ཞིང་།དེ་འཕྲོས་ཟུར་དྲུག་ཅན་དང་ཟུརབརྒྱད་ཅན་ཡིན།ཟུར་གསུམ་ཅན་དང་ཟུར་ལྔ་ཅན།ཟུར་བཅུ་གཉིས་ཅན།ཟུར་བཅུ་གསུམ་ཅན་གྱི་མཁར་ནི་ཧ་ཅང་དཀོན་པོ་ཡིན་ལ།ཟུར་བཅུ་གསུམ་ཅན་གྱི་མཁར་ནི་དེ་བས་ཀྱང་དཀོན་ཞིང་ཧ་ཅང་བརྗིད་ཆེ་བས།མཁར་གྱི་དབང་པོ་ཞེས་པའི་མཚན་སྙན་ཐོབ་པ།  གནའ་མིས་དགོས་པ་གང་ལ་དམིགས་ཏེ་མཁར་མཐོན་པོ་རྒྱག་པ་ཡིན།  གནའ་མཁར་གྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཆེད་རམས་པ་དབྱང་ཅྰ་མིན་གྱིས་གསུང་བ་ལྟར་ན།རིག་གཞུང་ལས་རིགས་ཁག་ལ་དེའི་སྐོར་ད་སྔར་ཐུན་མོང་གི་ལྟ་བ་ཞིག་ཆགས་མེད་མོད།ཡིན་ན་ཡང་དམངས་ཁྲོད་དུ་ཟེར་སྒྲོས་འདྲ་མིན་སྣ་ཚོགས་མཆིས་པས།དེ་ནི་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་གི་ལས་ལ་འཇུག་སྐབས་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་ཟེར།  རྒྱལ་རོང་ཡུལ་དུ་བགྲེས་སོང་རྣམས་ཀྱིས་ངག་རྒྱུན་ལྟར་ན།ལོ་སྟོང་གི་སྔོན་དུ།རྒྱལ་རོང་ཡུལ་དུ་གོམས་སྲོལ་འདི་ལྟར་ཞིག་ཆགས་ཡོད་དེ།ཁྱིམ་ཚང་ཞིག་ཏུ་བུ་ཞིག་སྐྱེས་ན།ཁྱིམ་ཚང་དེས་ས་རྡོ་དང་ཤིང་ཆ་སོགས་མཁར་རྩིག་སའི་རྒྱུ་ཆ་རྣམས་གྲ་སྒྲིག་བྱེད་པ་དང་།བུ་ལོ་གཅིག་ཐོག་སོན་པའི་སྐབས་སུ།མཁར་རྨང་བརྟན་པོ་བཏིང་ཞིང་མཁར་ཐོག་སོ་གཅིག་ཡོད་པ་ཞིག་བརྒྱབ་པ་དང་ཆབས་ཅིག་ཏུ།དེའི་ཟུར་ལ་ལྕགས་རྡོ་ཞིག་ས་འོག་ཏུ་སྦས་པ།བུ་ལོ་གཅིག་ཆེ་ཁར་མཁར་ཀྱང་གོང་དུ་བརྩེགས་རེ་བསྣན་པ་དང་།ལྕགས་རྡོ་དེ་ཡང་ཕྱིར་ལ་ལེན་ཏེ་བཙོ་སྦྱོང་ཐེངས་གཅིག་བྱས་རྗེས་སླར་ཡང་ས་འོག་ཏུ་སྦས་པ།དེ་ལྟར་བུ་དེ་ཕོ་ལོ༡༨ཐོག་སླེབས་པའི་སྐབས་སུ།མཁར་བརྩེགས་རིམ་པ༡༨ཐོག་སླེབས་པས་ཡོངས་སུ་གྲུབ་པ་དང་།ལྕགས་རྡོ་ཡང་བཙོ་སྦྱོང་ཐེངས༡༨བྱས་པས་ངར་ལྕགས་སྤུས་ལེགས་སུ་གྱུར་བ་དང་།གྲི་བརྡུང་ནས་གཟའ་སྐར་འཕྲོད་སྦྱོར་འཛོམས་པའི་དུས་བཟང་ཞིག་ལ་མཛད་སྒོ་རྒྱ་ཆེན་བཤམས་ནས་ཁྱིམ་ཚང་དེའི་ཁྱིམ་བདག་གིས་བུ་ལ་གནང་བ།ཉིན་དེ་ནས་བཟུང་།བུ་དེ་ནི་སྐྱེས་པ་ཕོའི་གྲས་སུ་ཚུད་འགོ་ཚུགས་པ་མཚོན་ཞིང་།སྐྱེས་པའི་བྱ་བ་རྣམས་སྒྲུབ་ཆོག་པར་གྲགས།ཡང་རྒན་རབས་པ་ལ་ལས་བཤད་པ་ལྟར་ན།གནའ་དུས་སུ་རྒྱལ་རོང་ཡུལ་དུ་ཁྱིམ་ཚང་དཀྱུས་མ་ཞིག་གམ་སྡེའི་དཔོན་པོ་གང་ཡིན་འདྲ།སོ་སོའི་སྟོབས་འབྱོར་ནི་མཁར་གྱི་ཆེ་ཆུང་ལ་གཞིགས་ནས་དབྱེ་བ་འབྱེད་པས།འབྱོར་ཕྱུག་ལྡན་པ་དང་སྟོབས་ཤུགས་ཆེ་བའི་དཔོན་དམངས་ཚང་མས་མཁར་ལས་ལ་འབད་པ་གྲགས།  ད་ལྟར་རྒྱལ་རོང་ཡུལ་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་མི་ཉུང་བ་ཞིག་གི་ལྟ་བ་གཞིར་བཟུང་ན།མདོ་དབུས་མཐོ་སྒང་གི་ཐོག་ཏུ་ཁྱབ་པའི་མཁར་དེ་རྣམས་ནི་ས་གནས་དེ་གས་ནང་ལ་བཙན་འཛུལ་བྱེད་པའི་དགྲ་བོ་བཀག་འགོག་བྱེད་པའི་བཙན་རྫོང་དུ་བསྐྲུན་ཞེས་བྱ་བ་དང་།གཡུལ་འགྱེད་ཀྱི་དགོས་མཁོ་ལ་བརྟེན་པའི་ཟེར་སྒྲོས་ཡོད་དོ།
 
 

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།