བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་ཁོང་གི་བརྩམས་ཆོས།

བཀྲ་ཤིས།        2011-08-30

དུས་རབས་ཀྱི་བསྣོལ་མཚམས་སུ་བསམ་བློ་གསར་གཉིས་མཚོན་པའི་རིག་གནས་གསར་རྙིང་གདོང་ཐུག་འཁེལ་བཞིན་པའི་དུས་ལ་བོད་ཀྱི་རྩོམ་རིག་དང་བཅས་པའི་རིག་གནས་སྤྱིའི་འཕེལ་འགྱུར་ལ་མཉམ་འཇོག་དང་གཟིགས་ཞིབ་གནང་མཁན་ཞིག་ཡིན་ན་ལོ་ངོ་ཆ་ཤས་ཀྱི་སྔོན་ལ་བོད་རང་མཚན་གྱི་དོན་དངོས་མཚོན་པའི་གློག་བརྙན་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པ་དེ་ལ་བལྟས་མྱོང་པ་མ་ཟད་ཁ་ལ་དཔག་པའི་སོ་ལྟར་རང་རང་སོ་སོ་ལ་མཛེས་རྟོག་དང་མྱོང་རོལ་གྱི་ཚོར་བ་ཞིག་ཡོད་ཐག་ཆོད་རེད།ས་བཅད་མ་སྟོང་ཙམ་དུ་ལུས་པའི་བོད་ཀྱི་གློག་བརྙན་སྒྱུ་རྩལ་གྱི་ཞིང་ཁམས་སུ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པ་དེས་བྱིའུ་ཡི་ཁྱུ་ཚོགས་དཀྲོགས་པ་ལྟར་འུར་ཟིང་མི་དམན་པ་ཞིག་བླངས་ཏེ་བར་སྐབས་ཤིག་ལ་ཚང་མའི་གཟིགས་ཡུལ་དང་གླེང་གཞིར་གྱུར།ངས་ཀྱང་སྨྲ་བ་བཅད་དེ་སྒོམ་རྒྱག་མ་ཐུབ་པར་རང་བློའི་ནུས་ཚད་ཀྱིས་གྲོགས་པོ་དང་སློབ་མ་རྣམས་ལ་ཁ་བརྡ་མང་ཙམ་བྱས་མྱོང་བ་མ་ཚད་ཐེངས་འདིར་ཁོ་བོས་ཤེས་བཞིན་དུ་ཐེག་དཀའ་བའི་ཁུར་པོ་དང་དུ་བླངས་ཏེ་ཁམས་པའི་འཛུམ་མདངས་ཀྱི་ཀློག་པ་པོ་རྣམས་ལ་གློག་བརྙན་དེའི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་ཁོང་གི་ཟུངས་ཁྲག་ལས་སྨིན་པའི་འབྲས་བུ་རྣམས་ངོ་སྤྲོད་ཙམ་གྱིས་ནག་འགྲོས་སུ་འགོད་པའི་ཐག་བཅད་པ་ནས་བཟུང་ཚེག་ཁྱིམ་ཉུང་ལ་དོན་འདུས་ཤིང་བརྗོད་བདེ་བ་མཛེས་མའི་ཟུར་མིག་ལྟ་བུའི་ཁ་བྱང་ཞིག་འཇོག་པ་ལ་ཉིན་མཚན་མང་པོར་བསམ་བློ་བཏང་མོད།མཐར་རྩོམ་པ་པོས་རང་གིས་རང་ལ་དྲིས་ལན་འདེབས་པའི་ཚུལ་གྱི་བྲིས་པའི་རྩོམ་ཐུང་མཛེས་སྡུག་གི་བསླུ་བྲིད་ཅེས་པ་དེ་ལས་ལྷག་པར་རྩོམ་པ་པོ་དེའི་མི་གཤིས་དང་རྩོམ་གཤིས།དགའ་ཕྱོགས་དང་འདོད་མོས་སོགས་མཚོན་ཐུབ་པའི་ཁ་བྱང་ཞིག་མ་རྙེད་པས་རྐུན་མའི་མིང་ངན་ཐོབ་ཀྱང་ཅི་ཡང་མ་སྙམ་པར་ཀུན་གྱིས་མཇལ་མྱོང་ལ་ཁ་ལ་བྱང་བའི་ཁ་བྱང་དེ་གཡར་བ་ཡིན།
     སྤྱི་ལོ༡༩༦༩ལོའི་ཟླ༡༢པར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རུ་བྱིས་པ་ཞིག་ཡུམ་གྱི་མངལ་ལས་བལྟམས་ཏེ་ཆེས་ཐོག་མའི་ངུ་སྐད་དྲི་བཞོན་རླུང་གིས་ཁྱེར་ཏེ་སྤྲིན་དཀར་དུ་ཁྱབ་ལ་ཆེས་ལྷད་མེད་ཀྱི་དགོད་འཛུམ་གངས་ཏི་སེ་ལ་འཁོར།མེ་ཏོག་པད་མ་ལྟར་འདམ་གྱིས་མ་གོས་ཤིང་སྐུ་ཚེ་རི་རྒྱལ་ལྷུན་པོ་བཞིན་བརྟན་པའི་སྨོན་སེམས་བཅངས་ཏེ་པད་མ་ཚེ་བརྟན་ཞེས་གསོལ།ལོ་དེ་ནི་བོད་པའི་ཁྱིམ་ཚང་ཞིག་ལ་བཤད་ན་ཚོགས་བསོད་ནམས་བསགས་པའི་འབྲས་བུ་སྨིན་པ་དང་མི་རིགས་ཤིག་ལ་མཚོན་ན་མ་འོངས་པར་མུན་པའི་དཔུང་སྡེ་མཐའ་རུ་བསྐྲད་པའི་ནམ་མཁའི་ནོར་བུ་ཞིག་མཁའ་ནས་ཚེས་པའི་ལོ་ཞིག་རེད།ཡབ་ཡུམ་དང་བཅས་པས་འགྲོ་མ་ཤེས་ལ་འགྲོ་སྟངས་དང་འདུག་མ་ཤེས་ལ་འདུག་ལུགས་བསླབས་ཏེ་ནར་སོན་རྗེས་པད་མ་ཚེ་བརྟན་གྱིས་སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་གླིང་དང་པེ་ཅིན་གློག་བརྙན་སློབ་གླིང་བགྲོད།དགེ་རྒན་དང་སྲིད་འཛིན་པའི་བྱ་གཞག་ཀྱང་གཉེར་མྱོང་།༡༩༩༡ལོ་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་གསར་རྩོམ་ལ་ཞུགས་ཏེ་བརྩམས་སྒྲུང་བཞི་བཅུ་ཙམ་དུས་དེབ་ཁག་ཏུ་སྤེལ།༢༠༠༢ལོ་ནས་དངོས་སུ་གློག་བརྙན་འཁྲབ་ཁྲིད་པའི་ལས་ལ་ཞུགས།བོད་མི་རང་ཉིད་ཀྱི་ལུགས་ལྟར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་བྱེད་པ་ནི་བུས་ཕྲུག་གིས་ཕ་མའི་གཏམ་རྒྱུད་དང་གཅུང་པོས་གཅེན་པོའི་སྒྲུང་བཤད་པ་ལྟར་འཚོ་བ་དངོས་དང་ཉེ་བར་བཅར་ཞིང་མཐའ་གཉིས་སུ་ལྷུང་བའི་ཉེན་ཁ་ཆུང་ལ་མར་དང་རྩམ་པའི་བྲོ་བ་ལྡན་པའི་གནས་ལུགས་དེ་ཁོང་གིས་ཀྱང་ཆེས་ཐོག་མ་ནས་མཁྱེན་ཐག་ཆོད་རེད།སྔ་རྗེས་སུ་རྩྭ་ཐང་དང་ཁྱི་རྒན།ལྷིང་འཇགས་ཀྱི་མ་ཎིརྡོ་འབུམ་ཞེས་པའི་གློག་བརྙན་འཁྲབ་ཁྲིད་བྱས་ཏེ་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བས་མི་རྣམས་ཀྱི་སེམས་སུ་སྨྲ་བསམ་བརྗོད་ལས་འདས་པའི་ཚོར་སྣང་བསྐྱེད་དེ་གནད་དོན་གང་ཞིག་ལ་ཕྱིར་ལྟ་དང་རང་རྟོག་བྱེད་པའི་སྐུལ་མ་མཛད།དེ་ལས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པ་ནི་བོད་ཀྱི་དེང་རབས་དངོས་ཡོད་འཚོ་བ་མཚོན་པའི་གཏམ་རྒྱུད་གློག་བརྙན་ཐོག་མ་ཡིན།བསྟན་དོན་གཙོ་བོ་ནི་དགོན་པ་ཞིག་ཏུ་སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་ཆུང་ཆུང་ཞིག་ཕ་ཡུལ་དུ་ལོ་སར་ལ་སོང་བའི་ཉིན་གསུམ་གྱི་རིང་གི་མཐོང་ཐོས་དྲན་རེག་བཅས་ཡིན།གསར་གཏོད་ཀྱི་སྙིང་སྟོབས།བདེ་འཚོལ་གྱི་སྤོབས་པ་ཞེས་པའི་དཔྱད་བརྗོད་རྩོམ་ཡིག་ལས་གློག་བརྙན་དེའི་མགོ་ནས་མཇུག་བར་དུ་སྐར་མ་བརྒྱ་ཕྲག་ལས་མེད་ནའང་གཏམ་རྒྱུད་ཐུང་ངུའི་ནང་དུ་ཕ་ཡུལ་གྱི་རྒྱུད་དངོས་མ་ཞིག་བཀོད་དེ་འཁྲབ་གཞུང་རྩོམ་པ་པོས་རང་གི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་མི་རིགས་ཤིག་གི་རིག་གནས་རྒྱབ་ལྗོངས།དུས་རབས་ཉེར་གཅིག་པའི་བོད་མིའི་སེམས་ཁོང་གི་འཕོ་འགྱུར།དངོས་ཡོད་འཚོ་བ་དང་ཆོས་ལུགས་མི་སྣ་ཞིག་གི་བསམ་བློའི་འགལ་འདུ།བོད་མི་རིགས་དང་རང་བྱུང་ཁོར་ཡུག་བར་གྱི་བརྩེ་སེམས།བོད་མི་རིགས་ཀྱིས་འཆམ་མཐུན་སྤྱི་ཚོགས་ལ་བཟུང་བའི་བསམ་བློའི་ངོས་ཟིན།བོད་མི་རིགས་ཀྱིས་སྐྱེ་བ་སྔ་ཕྱི་དང་འཆི་བ་མི་རྟག་པ་ལ་བཅངས་པའི་བསམ་བློའི་སེམས་བསྐྱེད།བོད་མིའི་སེམས་ཁོང་གི་མཛེས་པ་་དང་མི་གཤིས་ཀྱི་རིན་ཐང་།འགྲིམ་འགྲུལ་དང་བརྡ་འཕྲིན་གྱི་བཀག་རྒྱ་ལས་ཐར་འདོད་ཀྱི་སེམས་ཤུགས།སྲོལ་རྒྱུན་གྱི་རིག་གནས་དང་མཁྲེགས་འཛིན་གྱི་ལྟ་བ་ལས་རྙེད་པའི་ངེས་ཤེས་གཙང་མ།དེང་རབས་རིག་གནས་ཀྱི་སྒུལ་ཤུགས་ལས་ཐོན་པའི་ཚུར་ལེན་རིང་ལུགས་ཀྱི་སྤོབས་སེམས།ལྷིང་འཇགས་དང་ལྷིང་འཇགས་མ་ཡིན་པའི་བསམ་བློའི་ཐོད་རྒལ།ལས་ལ་བརྩོན་ཞིང་བབ་ཆགས་ལྡན་པའི་མི་རིགས་ཤིག་གི་བསམ་བློ་ཕྱུག་མོ་བཅས་གློག་བརྙན་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཐབས་ལམ་ལ་དྲངས་ནས་བོད་རིགས་འཁྲབ་ཁྲིད་པ་ཞིག་གིས་མི་རིགས་རང་ཉིད་ཀྱི་འཚོ་བ་ལ་ཆ་རྒྱུས་ཡོད་པའི་སྒོ་ནས་ཕ་ཡུལ་གྱི་འཚོ་བ་དངོས་ལ་ཟབ་ཞུགས་གནང་ཡོད་པ་མཚོན་ཐུབ་ཅེས་མདོ་རུ་དྲིལ་ཏེ་དཔྱད་གླེང་སྤེལ་བ་ནི་གནད་དུ་འཁེལ་བ་ཞིག་ལགས།གློག་བརྙན་དེ་པེ་ཅིན་དང་ཧྲང་ཧེ།ཟི་ལིང་།དཀར་མཛེས་དང་རྔ་བ་སོགས་སུ་བཏང་རྗེས་སུ་གས་གང་ལ་བསྟོད་པའི་མེ་ཏོག་བཞད་ལ་མཆོད་པའི་སྤྲིན་དཀར་ལང་ལོང་དུ་གཡོ།སྔ་རྗེས་སུ་སྐབས་བཞི་པའི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་འགྲན་བསྡུར་དུ་ཕུལ་བྱུང་གི་བྱ་དགའ་དང་ཧན་གོའི་གློག་བརྙན་དུས་ཆེན་དུ་ཁྱད་དུ་འཕགས་པའི་བྱ་དགའ།ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནང་དུ་ཡ་གླིང་གི་མཆོག་ཏུ་གྱུར་པའི་གསར་སྐྱེས་འཁྲབ་ཁྲིད་པའི་བྱ་དགའ།ཀྲུང་གོའི་གློག་བརྙན་བྱ་དགའི་ནང་མཆོག་ཏུ་གྱུར་པའི་འཁྲབ་ཁྲིད་པའི་ཆེས་ཐོག་མའི་བརྩམས་ཆོས་ཀྱི་བྱ་དགའ་སོགས་རིམ་པ་སོ་སོའི་བྱ་དགའ་བརྒྱད་ཙམ་བླངས།བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་དེབ་ཐེར་བུ་མི་སེམས་འགུག་པའི་ཤོག་ལྷེ་གསར་པ་ཞིག་ཕྱེ་བ་དང་མི་རིགས་ཤིག་སྔོན་ཐོན་གྱི་གྲས་སུ་ཚུད་པར་དཀའ་སྤྱད་སྡུག་རུས་རྒྱག་པའི་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་གློག་བརྙན་དེ་ལ་མཐོང་ཐོས་ནོར་གྱིས་ཕྱུག་པའི་རིགས་ཞེན་མཁས་པ་དང་རྒྱ་འབྲས་བློ་མིག་ལྡན་པའི་སྒྱུ་རྩལ་པ་རྣམས་ཀྱིས་ཆར་བ་ཆུ་གྲོགས་དམ་ཉི་མ་མེ་གློགྲོགས་ནང་བཞིན་གྱིས་རམ་འདེགས་དང་སྐུལ་མ་མཛད།དཔེར་ན་བོད་མིའི་རིག་གནས་དྲ་བའི་སྤྱི་གཅོད་པ་དབང་ཕྱུག་ཚེ་བརྟན་དང་བོད་ཀྱི་གླུ་ཡི་རྒྱལ་པོ་ཡ་ཏུང་རྣམ་གཉིས་ཀྱིས་ཁོང་དང་མཉམ་དུ་ད་སྔོན་འཁྲབ་ཁྲིད་བྱས་ཟིན་པའི་གློག་བརྙན་དག་ལ་ཕྱིར་བལྟ་དང་སྔ་འདིང་རྒྱག་སྟེ་ཁོང་ལ་ཡང་ནས་ཡང་དུ་རྟིང་སྐུལ་གནང་བས་ཁོང་གིས་ཀྱང་རིགས་ཀྱི་བུ་དང་བུ་མོའི་ལས་དབང་ལྕི་མོ་ཕྲག་པས་དང་དུ་བླངས་ཏེ་ཧི་མ་ལ་གློག་བརྙན་རིག་གནས་ཁྱབ་སྤེལ་ཀུང་སིའི་དབུ་འཛིན་གནང་མུར་དྲོད་ལམ་ལམ་གྱི་བརྩེ་སེམས་བཅངས་ཏེ་གསེར་དང་འདྲ་བའི་རྣམ་དཔྱོད་ཀྱིས་གློག་བརྙན་འཁྲབ་ཁྲིད་པའི་ལས་ལ་བརྩོན་བཞིན་མཆིས།
     རྩོམ་རིག་ཅེས་པ་དེ་ང་ལ་མཚོན་ན་ནམ་ཡང་མཛེས་སྡུག་གི་བསླུ་བྲི་གཅིག་སྟེ།བསླུ་བྲིད་དེའི་ཆེད་དུ་མི་ཚེ་གཅིག་གི་དུས་ཚོད་ཕངས་མེད་དུ་བཏང་ཡང་འགྱོད་མི་སྲིད།ཅེས་པ་ནི་པད་མ་ཚེ་བརྟན་གྱིས་རྩོམ་རིག་གི་ལམ་ཐོག་ལ་བཞག་པའི་མི་འགྱུར་དམ་བཅའ་ཡི་རི་མོ་རེད།མཁས་མིན་ཅི་རིགས་ཤིག་རྩོམ་རིག་གི་ལམ་བུར་འཚང་ཁ་ཤིག་ཤིག་གིས་རྫོང་བཞིན་པའི་སྐབས་འདིར་རིག་གནས་ཀྱི་རྒྱབ་ལྗོངས་སྟུག་ཅིང་བསམ་བློའི་བཅུད་ཀྱིས་ཕྱུག་པའི་རང་རིགས་བོད་ལ་མཚོན་ན་དོན་གྱི་འབྲས་བུ་ཁུར་དུ་ལྕི་བའི་རྩོམ་པ་པོ་ནི་ཉུང་ཉུང་རེད།འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ཡང་ཐོག་མར་གསར་རྩོམ་གྱི་སྒོ་ནང་ཞུགས་ཏེ་ད་བར་བོད་རྒྱ་ཡིག་རིགས་གཉིས་ཀྱིས་སྲོལ་རྒྱུན་གྱི་རྩ་བ་སྲ་ཞིང་དེང་རབས་ཀྱི་ཡལ་ག་རྒྱས་པའི་རང་གཤིས་ཅན་གྱི་བརྩམས་ཆོས་མང་པོ་སྤེལ།ཁོང་ནི་ཁ་ཕོ་ཆེ་ཡང་སྦྱོར་བ་དམན་ལ་ཐོབ་དང་གོ་ས་ཕྲན་བུས་ཀྱང་བསླུས་ཏེ་རྒྱ་འབྲས་ཀྱི་བློ་མིག་ལྡོངས་བའི་སྨྱུག་འཛིན་པ་རྣམས་དང་མི་འདྲ་བར་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་སྙིང་བཅུད་རྒྱུན་འཛིན་དང་རྒྱལ་་ཁབ་ཕྱི་ནང་གི་རྩོམ་སྟངས་ལ་དགག་སྒྲུབ་ཡོད་པ་འི་སྒོ་ནས་ཚུར་ལེན་བྱས་ཏེ་རང་ཉིད་ཁོ་ན་ལ་དབང་བའི་རྩོམ་ཐབས་གསར་པ་ཞིག་སྔོག་འདོན་བྱས་ཏེ་དེ་སྔོན་གླུ་བརྒྱ་ངག་གཅིག་ལྟ་བུའི་སྒྲུང་གཏམ་གཏམ་རྒྱུད་ཀྱི་རང་བཞིན་ཅན་དུ་གྱུར་བའི་གནས་ལས་འགོངས་ཏེ་གངས་ཞེས་པའི་བརྩམས་སྒྲུང་བརྩམས་ཏེ་རྩོམ་པ་པོས་རང་རིགས་ཀྱི་ཕྱི་གསལ་ནང་གསལ་གངས་ཁ་བ་ལྟ་བུའི་མི་གཤིས་དང་གཏོང་ཕོད་ཀྱི་སྤོབས་པ་བཅས་ལ་གདུང་འབོད་བྱས་ཤིང་ཕུགས་རེ་མཚོན་པར་བྱས་ཡོད།དེ་ལ་མཚོ་སྔོན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ནས་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཡང་གནང་།ལྷག་བསམ་རྣམ་དག་གིས་སྤྱང་ལྟོགས་ཀྱི་འཇིགས་པ་བསྲུངས་ཀྱང་བདག་པོའི་སྙིང་རྗེ་དང་བྱམས་སྐྱོང་མ་ཐོབ་པར་དྲིན་ལན་ལོག་འཇལ་གྱིས་རྡུང་རྡེག་བཏང་སྟེ་ལྔ་བའི་ལམ་དུ་བརྫངས་པའི་འབྲོག་ཁྱི་ལོ་ལོན་ཞིག་གི་ཁེར་རྐྱང་གི་སྐྱོ་གདུང་བསྟན་པའི་མི་དང་ཁྱི་ཞེས་པ་དང་།བོད་ཡིག་ལ་བརྟེན་ནས་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་མི་དགོས་པའི་ལས་བྱེད་པ་རྣམས་ཀྱིས་ཤེས་བཞིན་དུ་ཕ་སྐད་མ་ཡིག་ལ་མཐོང་ཆུང་བྱས་ཡིས་ཟུག་གཟེར་བསླངས་པའི་གནས་ཚུལ་ལ་ཐེར་འདོན་དང་མིའི་རིགས་ཀྱི་རྣམ་ཤེས་སྐྲུན་པ་པོ་ལ་བརླམས་ཏེ་བཤད་སྟེགས་སུ་འགྱིང་ཡང་བོད་ཡིག་གྲལ་མཐར་བཞག་པའི་མིག་རྒྱང་ཐུང་ལ་སྤྱི་སེམས་མེད་པའི་མི་བུ་རུལ་ངན་ཅན་རྣམས་ལ་དགག་པའི་མདུང་རྩེ་སྤྲོད་པའི་བརྩམས་ཆོས་གཟའ་ཉི་མ།འཇིག་རྟེན་འདི་རུ་སུ་ཡིས་ཀྱང་ཡོན་ཏན་ཁ་རུ་མི་ལྡུག་ལ་གང་གིས་ཀྱང་སྡུག་བསྔལ་ལག་པས་མི་སེལ་བས་རང་གི་ལག་ཟུང་ལ་བརྟེན་ནས་རང་གིས་རང་ཉིད་སྐྱོབ་དགོས་པ་ལས་འཇིག་རྟེན་དཀར་ངོགས་འདི་རུ་ཅི་ཞིག་ལ་སྒུག་པ་ལས་ཐབས་སྡུག་པའི་བྱ་བ་ཞིག་མི་འདུག་ལ་ང་ཚོས་རིག་མ་མྱོང་ལ་ཡོང་རྒྱུ་མེད་པའི་ལྷ་རྗེ་ཞིག་ནམ་ཡང་སྒུག་མི་རུང་བའི་གནས་ལུགས་བསྟན་པའི་བརྩམས་སྒྲུང་ལྷ་རྗེ།མིའི་སྐྱེ་བ་དང་རིན་ཐང་ལ་རྩིས་མཐོང་བྱེད་དགོས་ལ་མི་གཤིས་དང་རྩོམ་གཤིས་གཞི་གཅིག་ཏུ་ཆགས་དགོས་པར་རེ་འབོད་བྱེད་པའི་སྙན་ངག་དུར་ཁྲོད་པ་རྗེས་སུ་དྲན་པ།བོད་མིའི་སྐྱེ་བར་བླངས་ཀྱང་ཕ་ཨ་ཁུའི་ལོ་རྒྱུས་མ་ཤེས་པས་འཁྱོག་བཤད་དང་སྐུར་འདེགས་བྱས་ཏེ་སྔོ་ལོ་འཕྱར་བའི་ཚུལ་ལ་སུན་འབྱིན་བྱེད་པའི་རྩེད་ཐང་ལ་འགྲོ།ཕོ་མོ་བར་གྱི་ལྷད་མེད་ཀྱི་བརྩེ་དུངས་མཚོན་པའི་ང་ཡི་ཚེ་རིང་སྒྲོལ་མ།ད་དུང་ཁ་བ་མེད་པའི་དགུན་ཁ་དང་།ལུག་རྫི་གཞོན་ནུ་ཞིག་གི་འདས་རྐྱེན་སོགས་མང་ཡང་ཡིག་ཚོགས་མང་བས་མང་དུ་མི་བཀོད།
     སེམས་པ་རྣལ་དུ་ཕབ་ནས་ཁོང་གི་བརྩམས་ཆོས་ལ་མྱོང་རོལ་བྱས་ན་ཁྱད་མཚར་བའི་སྒྱུ་རྩལ་གྱི་བློས་སློང་དང་ཡིད་ལས་འདས་པའི་འབྲི་ཐབས་ཀྱིས་ཀློག་པ་པོ་ལ་ཕྱིར་འདང་དང་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་སྦྱིན་པས་སྤྱིར་བཏང་གི་བརྩམས་ཆོས་ལྟར་དཔེ་ཆའི་ཁ་ཟུམ་རྗེས་དེའི་ནང་དུ་ཅི་ཞིག་བཤད་ཡོད་པའང་བརྗེད་འགྲོ་ལྟར་མ་ཡིན་པར་བྲག་ཅ་འཁོར་བ་ནང་བཞིན་གསོན་ཉམས་ལྡན་པའི་མི་སྣ་དང་བབ་ཆགས་ལྷུ་འགྲིག་གི་ཚིག་སྦྱོར།གོ་རྒྱུ་བསམ་རྒྱུ་འབེལ་བའི་ཚིག་གི་ངར་ཤུགས་བཅས་དུས་ནམ་ཡང་ཡིད་ངོས་སུ་ཡོ་ལང་རྒྱག
     དེ་སྔོན་ནས་དུས་རབས་༢༡པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་ཆ་ཚང་ཞིག་བླུས་ཡོད་མོད།རེ་ཞིག་དཔེ་སྒྲོམ་དུ་བཞག་པ་ལས་རྩོམ་པ་པོ་རྣམས་དང་ཁ་བརྡ་བྱེད་པའི་ཁོམ་ལུང་མ་བྱུང་།ཐེངས་འདིར་པད་པ་ཚེ་བརྟན་གྱི་བརྩམས་ཆོས་ལས་སླར་ཡང་དངོས་གྲུབ་ཀྱི་བདུད་རྩི་འཐོབ་པའི་སླད་དུ་དཔེ་སྒྲོམ་ལས་བསླུ་བྲིད་ཅེས་པའི་བརྩམས་སྒྲུང་དེབ་དེ་བླངས་ཏེ་གཟའ་འཁོར་གཅིག་ཙམ་གྱི་རིང་ལ་ལྟ་ཀློག་ཡང་ཡང་བྱས་པས་དངོས་གནས་གནའ་དང་ད་མི་འདྲ།ཕ་དང་བུ་མི་མཚུངས་ཞེས་པ་ལྟར་ཁོང་གི་བརྩམས་སྒྲུང་ལ་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིག་འདུག་མོད།ང་འདྲ་བོའི་བསམ་བློ་ཁབ་མིག་ཙམ་གྱིས་ནམ་མཁའི་རྒྱ་ཁྱོན་འཇལ་བ་ནི་ད་དུང་མི་འོས་པའི་གནས་ཤིག་ཏུ་མཐོང་བས་རེ་ཞིག་ཆོག་ཏུ་ཤེས་པའི་མཛེས་སྡུག་གི་རྫོགས་ཚིག་འཇོག་རྒྱུ་ཡིན།དུས་ནམ་ཞིག་གི་ཚེ་ཁྱེད་ཉིད་འཛམ་གླིང་གི་རྩོམ་སྟེགས་དང་གར་སྟེགས་སུ་བཞེངས་ཏེ་ཕྱག་ཟུང་གིས་ནོའུ་པེལ་རྩོམ་རིག་བྱ་དགའདང་ཨའོ་སི་ཁ་གསེར་གྱི་རྟགས་མ་ལ་རེག་དུས་ངས་སྔ་ནས་ཕང་བ་དྲོན་མོར་རུམ་པའི་ཁ་དར་དཀར་པོ་ཁྱེད་ཀྱི་མགུལ་ལ་བསྒྲོན་ཞིང་་རེ་སྒུག་གིས་རྒས་ཟིན་པའི་ཕ་མེས་རྣམས་དང་རེ་ལྟོས་ཀྱིས་འདྲེན་བྱེད་དམར་བའི་ཕྱི་རབས་པ་དག་ལ་སེམས་བསམ་པས་འགུག་པའི་མགྲིན་གླུ་དྲུག་འགྱུར་མ་དེ་གསེང་མཐོར་སྒྲོག་ཐག་ཆོད་ཡིན།།
 

  • ལེ་ཚན་སྔོན་མ།: གླུ་མ་བསོད་ནམས་ཆོས་སྒྲོན་གྱི་གནས་ཚུལ་མདོར་བཀོད།
  • ལེ་ཚན་རྗེས་མ།:བོད་རིགས་གླུ་བ་ཞིག་གི་མི་ཚེའི་གཏམ་གླེང་།
  • དོ་སྣང་ཆེ་བའི་རྩོམ།