ཤོག་འཆམ་གྱི་སྟངས་སྟབས་དང་འགྲོགས་པའི་མི་ཚེ།

བདེ་ཆེན་དབང་མོས་བྲིས།        2020-04-03

   ཤོག་འཆམ་གྱི་སྟངས་སྟབས་དང་འགྲོགས་པའི་མི་ཚེ།

སྡེ་རོང་ཤོག་འཆམ་གྱི་བརྒྱུད་འཛིན་པ་ཨ་བུ་ཡི་གནས་ཚུལ་ཆེད་བཀོད།


 ཉེ་བའི་ལོ་ཤས་རིང་ལ་སྡེ་རོང་རྫོང་ཝ་ཁའི“ཤོག་འཆམ”མཛའ་བྲོའི་སྐད་གྲགས་ཆེ་རུ་ཕྱིན་པ་དང་།བགྲང་བྱ་དུ་མར་བག་ལ་ཉལ་བའི་མཛའ་བྲོ་ཤོག་འཆམ་ཞེས་པ་དེ་ཡང་ལུང་ཁུག་ནས་ཡངས་པའི་རྒྱལ་ཁམས་ལ་ཁྱབ་པའི་གོ་སྐབས་རིམ་བཞིན་མང་དུ་ཕྱིན་ཡོད་པ་རེད།

  ཤོག་འཆམ་མཛའ་བྲོ་དེ་ལ་ཞིང་ཆེན་དང་ཁུལ། དེ་བཞིན་ས་ཁུལ་གཞན་དག་གི་རིག་རྩལ་མཉམ་འཁྲབ་ནང་བྱ་དགའ་ཐོབ་པ་དང་།རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད། ཝ་ཁ་གྲོང་རྡལ་ཡང་ཤོག་འཆམ་ལ་བརྟེན་ནས2018ལོ་ནས2020ལོའི་བར་གྱི་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཆོལ་ཁའི་མིང་ཐོ་ནང་ཚུད་པ་རེད།

ཤོག་འཆམ་གྱི་སྟངས་སྟབས་དང་འགྲོགས་པའི་མི་ཚེ།

ཤོག་འཆམ་འཁྲབ་ནས་ནར་སོན་པའི་ཨ་བུ།

   ཨ་བུ་ནི1963ལོར་དཀར་མཛེས་ཁུལ་སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་དུ་སྐྱེས། ཁོང་ནི་གཟུགས་པོ་དང་ལུས་སྟོབས་ཆེ་ཞིང་ངོ་གདོང་ནག་ཅིང་ནམ་རྒྱུན་འཛུམ་གྱིས་ཁེངས་པ་དང་།གཤིས་ཀ་འཇམ་པོའི་མི་ཞིག་ཡིན།ཁོང་གཞས་ལ་མཁས་པར་མ་ཟད།བཀྲ་ཤིས་གཡང་འབོད་དང་སྟོན་བཤད་བྱེད་མཁན་གྲགས་ཅན་ཡིན་ལ།ཤོག་འཆམ་གྱི་བརྒྱུད་འཛིན་པ་མི་རབས་བཞི་པ་ཡང་ཡིན་ཞིང་། ཆུང་དུས་ནས་ཤོག་འཆམ་གྱི་ངོ་མཚར་ཁྲོད་མིག་འདྲིས་རྣར་འཇགས་བྱུང་ནས་ཉིན་བཞིན་འཚར་ལོངས་བྱུང་བ་རེད།

  ཨ་བུས་ཤོག་འཆམ་ལ་བཅངས་པའི་བརྩེ་བ་དང་སྤྲོ་སྣང་ཀུན་ལས་ལྷག་ཅིང་སྐྱེས་ཐོབ་ཀྱི་ཤེས་རབ་ཧ་ཅང་ཆེ།ལོ་བཅུ་བདུན་ལ་སོན་སྐབས།ཨ་བུས་དགེ་རྒན་བསྟེན་ནས་ཤོག་འཆམ་ཞབས་བྲོ་སྦྱོང་འགོ་ཚུགས།ཁོང་ཁྱིམ་གྱི་ངལ་རྩོལ་པའི་རྐང་འཛིན་ཡིན་པས་ཉིན་གང་ཞིང་ལས་ལ་བྲེལ་བརྩོན་ཆེན་པོ་བྱ་དགོས་ཤིང་།ལས་ཀ་གྲོལ་རྗེས་དགོང་ཟས་ཐེབས་ཆག་ཙམ་བཟོས་རྗེས་གྲོང་ཚོའི་ནང་གི་རྒན་རབས་པ་ཚོའི་མདུན་དུ་ཤོག་འཆམ་ཞབས་བྲོ་སྦྱོང་དུ་ཕྱིན་པའི་གོམས་སྲོལ་ཆད་མེད་བསྐྱངས།

ཤོག་འཆམ་གྱི་སྟངས་སྟབས་དང་འགྲོགས་པའི་མི་ཚེ།

  ཨ་བུས་ཤོག་འཆམ་འཁྲབ་པའི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱེད་ཅིང་།གཞས་ཚིག་རེ་རེ་བཞིན་བློ་ལ་གྱེར་བ་དང་སྟངས་སྟབས་རེ་རེ་བཞིན་མྱོང་རོལ་བྱེད་ལ།གོ་བ་ལེན་དཀའ་བའི་གླུ་ཚིག་ལ་བསམ་གཞིག་ཡང་ཡང་བྱས་ཤིང་།གཞས་ཚིག་དང་གཞས་གདངས་ཀྱི་འགྱུར་ཁུག་ཡིད་ལ་བརྟན་པོར་བཅངས།རྒན་རབས་ཚོས་སུན་སྣང་དང་དཔེ་འཁྱུད་སྤུ་ཙམ་ཡང་མེད་པའི་ལག་ལེན་དམར་ཁྲིད་དང་སྐྱོན་བརྗོད་ཡོ་བསྲང་གནང་ཞིང་ཨ་བུ་རང་གིས་ཀྱང་ལུས་ཀྱི་སྟངས་སྟབས་ཆུང་ཕྲ་ཡན་ཆད་སྣང་མེད་དུ་མི་བཏང་བར་ཕལ་པའི་བློ་ཡུལ་ལས་འདས་པའི་འབད་འབུངས་བྱས་མཐར་དཀའ་སྡུག་གི་རྔུལ་ཆུ་ལས་འབྲས་བཟང་སྨིན་ཞིང་དུས་ཡུན་མི་རིང་བར་ཨ་བུ་ནི་ཤོག་འཆམ་རིག་གནས་ཀྱི་བརྒྱུད་འཛིན་པ་སྐད་གྲགས་ཅན་ཞིག་ཏུ་གྱུར།

   ཨ་བུས་ཤོག་འཆམ་ཞེས་པ་ནི་སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་དུ་དར་ཁྱབ་ཆེ་བའི་གནའ་བོའི་ཞབས་བྲོ་ཞིག་རེད།ང་རང་བསམ་ཤེས་ཅན་ཞིག་ཆགས་པ་ནས་བཟུང་ལོ་རེའི་སྟོན་མཇུག་ཏུ་ཞིང་ལས་ཉུང་དུ་འགྲོ་བ་དང་།གནམ་གཤིས་དྲོ་གྲང་སྙོམས་པོའི་སྐབས་སུ།གྲོང་སྡེའི་ཕོ་མོ་གཞོན་དར་ཚོས་ཤ་མར་སྒོང་སོགས་བཟའ་བཅའ་འདང་ངེས་དང་ཐབ་ཆས་དང་ཉལ་ཆས་ཁྱེར་ནས་སྤྱི་ལེ་བཅུ་ཕྲག་འགའ་བྱེས་པའི་སྤང་ཐང་དུ་འཛོམས་ཏེ་སྤྲོ་སྐྱིད་བཏང་བ་རེད།ཉིན་མོར་ཇ་ཆང་ཟས་མཆོག་ལ་རོལ་བ་དང་།རང་བྱུང་ཆུ་ཚན་དུ་ལུས་པོ་བཀྲུས་པ།ཤོག་འཆམ་གྱི་གཞས་ཚིག་དང་གཞས་གདངས་སྐོར་བསམ་ཚུལ་བརྗེ་རེས་བྱས་པ་རེད།དེ་ནས་དགོང་མོར་མེ་ཕུང་བསྐོར་ནས་གཞས་ཚིག་མ་རྫོགས་བར་དང་རྡོག་བྲོ་མ་ཟད་བར་དུ་ཤོག་འཆམ་འཁྲབ་པ་རེད།དེ་ལྟར་ཉིན་མཚན་མང་པོ་མཐུད་ནས་ཤོག་འཆམ་འཁྲབ་ཀྱང་སུན་སྣང་དང་དཀའ་སྣང་ཡེ་ནས་མེད་ཅེས་བཤད་པ་རེད།

ཤོག་འཆམ་གྱི་སྟངས་སྟབས་དང་འགྲོགས་པའི་མི་ཚེ།

སྡེ་རོང་ཤོག་འཆམ་གྱི་འབྱུང་ཁུངས་སྐོར་གྱི་བཤད་པ།

   ཤེས་རྟོགས་བྱུང་བར་གཞིགས་ན།གོང་དུ་བཤད་པའི་བྱེས་ཀྱི་འདུས་སྟོན་བྱེད་སྒོ་དེ་དུས་ཡུན་རིང་ན་ཉིན་བཅུ་དང་ཟླ་ཕྱེད་ཙམ།ཐུང་ན་ཉིན་གསུམ་ནས་ལྔ་བར་སྤེལ་བའི་སྲོལ་ཡོད་ཅིང་།བྱེད་སྒོ་སྤེལ་བར་བརྒྱུད་དེ་གླུ་བྲོ་ལ་དགའ་བའི་མི་རྣམས་ལ་ངལ་གསོའི་བག་ཕེབས་ནང་དུ་གླུ་གཞས་གསར་རྩོམ་གྱི་གོ་སྐབས་དེ་བས་མང་པོ་ཐོབ་པས་ཤོག་འཆམ་གྱི་ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པར་མ་ཟད།སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་།རྒྱུན་ཆད་མེད་པར་དུས་བསྟུན་མཉམ་བསྐྱོད་བྱས་པར་བརྟེན།དུས་རབས་གསར་པའི་གྲུབ་ཆ་ཡང་ངམ་ཤུགས་སུ་ཞུགས་པས་ཤོག་འཆམ་གྱི་གསོན་ཤུགས་དེ་བས་ཆེ་རུ་སོང་ཡོད།

  ཨ་བུས་ཐང་རྒྱལ་རབས་དུས་སུ་རྒྱ་བཟའ་ཀོང་ཇོ་བོད་ལ་གདན་དྲངས་པའི་སྐབས་ཝ་ཁ་བརྒྱུད་ནས་འགྲོ་བའི་ཚེ།སྡེ་རོང་གི་ཡུལ་དཔོན་ཆེན་པོ་རྩེ་གན་ཨ་ཝུའུ་ཡིས་ཀོང་ཇོ་ཕེབས་བསུ་ཞུ་ཆེད་ས་གནས་དེ་གའི་དམངས་ཁྲོད་སྒྱུ་རྩལ་པ་བསྡུས་ནས་ཀོང་ཇོ་ཡིས་ལྟ་ཤེས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་བྲོ་སྟེ་རྒྱ་བོད་འཇང་པའེ་བཅས་མི་རིགས་བཞིའི་གླུ་གར་གྱི་ཉམས་འགྱུར་གཞི་གཅིག་ཏུ་འདྲེས་པའི་ཤོག་འཆམ་ཞབས་བྲོ་འདི་བཟོས་པ་རེད་ཅེས་རྒན་རབས་ཚོ་ལས་རྣ་ཐོས་བྱུང་ཞེས་བཤད་པ་རེད།

ཤོག་འཆམ་གྱི་སྟངས་སྟབས་དང་འགྲོགས་པའི་མི་ཚེ།

  མཁས་པ་ཁ་ཤས་ཀྱིས་ཤོག་འཆམ་ནི་ཡུན་ནན་སེམས་ཀྱི་ཉི་ཟླ་རྫོང་ནས་དར་བ་ཡིན་པ་དང་།ཁ་ཤས་ཀྱིས་འཇང་ནས་དར་བ་ཡིན་པར་བཤད།ཡོངས་གྲགས་སུ་ཤོག་འཆམ་ནི་བོད་ཀྱི་ངག་རྒྱུན་མི་སྣ་ལྕང་རྒན་ཨ་བུ་ཡིས་གསར་རྩོམ་གནང་བར་གྲགས་ཤིང་།ཁོང་གིས་ཁམས་ཀྱི་འབྲི་ཉག་རྒྱལ་གསུམ་རྒྱུད་ངོགས་ཀྱི་སྐོར་བྲོ་དང་རྡོག་བྲོའི་སྟངས་སྟབས་ཕྱོགས་བསྡུས་བྱས་ཐོག་ཡུན་ནན་ནུབ་བྱང་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཞབས་བྲོའི་གྲུབ་ཆ་ཡང་བསྲེས་ཡོད་པར་གྲགས།ལོ་རྒྱུས་ཐོག་ནས་བལྟས་ན་ཡང་། སྡེ་རོང་ཝ་ཁ་ཞེས་པ་ནི་གནའ་བོའི་ཚོང་འདྲེན་བརྡལ་ལམ་གྱི་འབྲི་ཆུའི་གྲུ་ཁ་ཡོད་ས་དེ་ལ་ཟེར་ཞིང་གནའ་བོའི་ཚོང་འདྲེན་བརྡལ་ལམ་ཐོག་གི་གྲོང་རྡལ་གལ་ཆེན་ཞིག་ཏུ་ཆགས་པ་དང་།མི་རིགས་ཁག་གི་དྲེལ་པ་དང་ཚོང་པ་རྣམས་ཝ་ཁར་འཛོམས་ནས་འཆམ་མཐུན་མཉམ་གནས་ཀྱི་འཚོ་འབྲེལ་ཞིག་གྲུབ་པའི་རྨང་གཞིའི་ཐོག་ནམ་རྒྱུན་གླུ་ལེན་གར་འཁྲབ་བྱེད་ཀྱི་ཡོད་པས་དུས་ཡུན་རིང་པོའི་སྤེལ་རེས་ཁྲོད་ནས་ཞབས་བྲོ་གསར་པ་སྟེ་ཤོག་འཆམ་རང་ཤུགས་སུ་གྲུབ་སྲིད་ཅིང་། ཤོག་འཆམ་ཞེས་པ་ནི་ཕོ་མོ་ཆ་འགྲིག་བྱས་ནས་ཞབས་བྲོ་མཉམ་འཆམ་བྱེད་པའི་དོན་ལ་གོ་དགོས་པ་ལྟར། ཕོ་མོ་ཤོག་ཁག་བགོས་ནས་གླུ་ལེན་རེས་དང་ཞབས་བྲོ་འཁྲབ་རེས་བྱེད་པའི་རྣམ་པར་བལྟས་ན་ཕོ་མོའི་བརྩེ་དུང་དང་འབྲེལ་བ་ཆེན་པོ་ཡོད་པས་མཛའ་བྲོའི་ཁོངས་སུ་བཞག་དོན་ཡང་དེ་ཡིན་པར་སྣང་།

  ལོ་རྒྱུས་ཀྱི་བཤད་སྲོལ་ཕུད།མི་རབས་ནས་མི་རབས་བར་ཁམས་ཀྱི་ལྷོ་སྣེ་རུ་འཚོ་སྡོད་བྱེད་པའི་སྡེ་རོང་བས་སོ་ནམ་དལ་དུས་དང་།ལོ་སར་དུས་ཆེན་དང་གཉེན་སྟོན་སོགས་ཀྱི་སྐབས་སུ་རྒན་དར་གཞོན་གསུམ་ཚང་མས་གླུ་ལེན་གར་འཁྲབ་བྱེད་པར་ཧ་ཅང་དགའ་པོ་ཡོད་པ་དང་།གཞོན་དར་ཕལ་ཆེར་འཁྲབ་ལེན་བཀྲོལ་འབུད་ཀྱི་སྒྱུ་རྩལ་ལ་མཁས་ཤིང་།དུས་ཡུན་རིང་པོའི་འཚོ་བའི་ཁྲོད་དུ་ཁྱད་ཆོས་འབུར་དུ་ཐོན་པའི་སྡེ་རོང་གི་ཤོག་འཆམ་ཞབས་བྲོ་ངམ་ཤུགས་སུ་གྲུབ་ཅིང་མི་མུས་རྒྱུད་བཅས་ཀྱིས་རྒྱུན་འཛིན་དར་སྤེལ་བཏང་ཡོད་པ་ནི་བསམ་ཚོད་ཐིག་པ་རེད།

 སྡེ་རོང་གི་གླུ་བྲོའི་རྣམ་པའི་ཐད་སྐོར་བྲོ་དང་ཤོག་འཆམ།གཞས།ཇོ་དབྱངས་རྡུང་ལེན།རྡོག་བྲོ་སོགས་ཡོད་ལ།དེའི་ནང་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་ནི་ཤོག་འཆམ་ཡིན་ཞིང་ད་ལྟ་སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་རྩེ་གན་དང་རྩི་སྐྱེ།ཨ་མཚན་སོགས་གྲོང་སྡེར་དར་ཆེ་ཞིང་།ཡུལ་མི་ཚོས་ཧ་ཅང་དགའ་པོ་བྱེད་པའི་རོལ་རྩེད་རང་བཞིན་གྱི་གླུ་བྲོ་ཞིག་ཏུ་གྱུར་ཡོད།


ཤོག་འཆམ་གྱི་སྟངས་སྟབས་དང་འགྲོགས་པའི་མི་ཚེ།


སྡེ་རོང་ཤོག་འཆམ་གྱི་དུས་རབས་གསར་པའི་གོམ་སྟབས།

  ཤོག་འཆམ་གྱི་གནའ་བོའི་སྒྱུ་རྩལ་གྱི་རྣམ་པ་དེ་དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་ཞིང་སྒྱུ་རྩལ་གྱི་གསོན་ཤུགས་མི་ཉམས་པའི་ཆེད། ཨ་བུས་ད་དུང་རོལ་དབྱངས་དང་ཞབས་བྲོའི་སྟངས་སྟབས་གསར་པ་གསར་རྩོམ་བྱས་དང་བྱེད་བཞིན་ཡོད་ལ། ཆ་འཕྲིན་གྱི་དུས་རབས་སུ་བསླེབས་པ་དང་བསྟུན་ནས་ཨ་བུས་འཁྱུག་དབྱིངས་སྤྱད་དེ་ཤོག་འཆམ་འཛམ་གླིང་ལ་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཅིང་། ཁོང་གིས་སྣེ་ཁྲིད་གནང་བའི་ཝ་ཁ་གྲོང་རྡལ་གྱི་ཤོག་འཆམ་འཁྲབ་སྟོན་རུ་ཁག་ལ་ཕྱོགས་སོ་སོའི་བསྔགས་བརྗོད་ཐོབ་ཡོད།

   ཤོག་འཆམ་ལ་རོལ་ཆ་དང་འཁྲབ་ཆས་མེད་ཅིང་ལེན་ཞོར་འཁྲབ་ཞོར་བྱ་དགོས། སྤྱིར་འཆམ་ར་དངོས་ཀྱི་ནང་དུ་བྲོ་མཁན་གྱི་རྒྱན་གོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། སྐྱེས་པའི་མགོ་ལ་ཚེ་རིང་སྐྱེངས་ཁེབས་གྱོན་པ་དང་། ལུས་ལ་འབུ་རས་དཀར་པོའི་རྔུལ་ལེན་ཕུ་རིང་མ་དང་ཕྲུག་ཕྱུ་དམར་གྱོན་པ། རྐང་པར་འཇུ་རྟ་གྱོན་དགོས། བུད་མེད་ཀྱི་མགོ་ལ་ཚོན་སྐུད་གསུམ་སྒྲིལ་མ་གྱོན་ཞིང་། ལུས་ལ་སྨད་གཡོགས་ལྟེབ་བརྒྱ་མ་གྱོན་དགོས། ཕོ་མོའི་མི་གྲངས་འདྲ་བའི་མཉམ་འཁྲབ་ཞབས་བྲོ་འདིའི་འགོ་བཙུགས་པའི་ཚེ། ཐོག་མར་བྲོ་དཔོན་གྱིས་བྲོ་ཁྲིད་པ་དང་དེ་ནས་ཕོ་མོ་རུ་གཉིས་བགོས་ནས་བྲོ་རར་དལ་གྱིས་ཞུགས་ནས་ལེན་ཞོར་འཁྲབ་ཞོར་བྱ་དགོས་ལ། བྲོ་གདངས་རྫོགས་པ་དང་རྡོག་བྲོ་རྒྱག་འགོ་ཚུགས་ཤིང་ལག་པའི་འགུལ་སྐྱོད་མང་པོ་མེད། ཤོག་འཆམ་གྱི་གཞས་གདངས་གྲུབ་ཚུལ་རྙོག་འཛིང་ཆེ་ཞིང་རྒྱུན་དུ་བྲོ་འགོ་དང་བྲོ་མཐུད། བྲོ་དངོས། བྲོ་མཇུག་བཅས་དབྱེ་ཆོག་ལ། དབྱངས་ཀྱི་འགྱུར་ཁུག་འཕར་ཆག་ཆེ་ཞིང་མགྱོགས་ལ་གནའ་ཉམས་དོད་པ་དང་། སྒྲ་གདངས་གསུམ་འགྱུར་མ་དང་བཞི་འགྱུར་མ་གཙོ་བོར་བྱས་པ་དེ་མའོ་རིགས་ཀྱི་སྒྲ་གདངས་བཞི་འགྱུར་མའི་རྗེས་སུ་མཐུན་པ་རེད།     བྲོ་ཚིག་རེ་རྫོགས་རྗེས་ཤོག་འཆམ་འཁྲབ་མཁན་ཚོས་རྡོག་བྲོ་འགྲིག་པོས་མཇུག་གདངས་ཀྱི་སྟོང་ཆ་བསྐངས་ཏེ། རྡོག་བྲོ་སྙན་མོའི་ཁྲོད་དུ་ཤོག་འཆམ་གྱི་ཐུན་མོང་མ་ཡིན་པའི་བྲོ་བ་ཞིག་གསར་ཐོན་འགྲུལ་པས་ཀྱང་སེམས་ཀྱིས་མྱོང་ཐུབ་པའོ།།

  ཤོག་འཆམ་ནི་ངག་སློབ་དཔེ་སྟོན་གྱི་སྒོ་ནས་རྒྱུན་འཛིན་བྱ་དགོས་ཤིང་། དམངས་ཁྲོད་རིག་གནས་ཕུལ་བྱུང་འདིའི་རྒྱུན་མི་ཆད་པའི་ཕྱིར། ཨ་བུས2000ལོ་ནས་བཟུང་ཝ་ཁ་གྲོང་རྡལ་རྩི་སྐྱེ་གྲོང་སྡེ་དང་ཝ་ཁ་གྲོང་སྡེར་ལས་ཞོར་ཤོག་འཆམ་རུ་ཁག་བཙུགས་ཏེ། རང་གི་བུ་རྒྱུད་དང་གཉེན་ཉེ་གྲོགས་པོ། ཁྱིམ་མཚེས་གཙོས་པའི་ཤོག་འཆམ་ཞབས་བྲོ་འཁྲབ་མཁན་མང་པོ་གསོ་སྐྱོང་བྱས་ཡོད། ཤོག་འཆམ་རུ་ཁག་གིས་འཁྲབ་སྦྱོང་བྱེད་ཐེངས་རེར་ཨ་བུ་ཡུལ་དངོས་སུ་དུས་ཐོག་ཏུ་བསྐྱོད་ནས་གྲོང་སྡེའི་རྒན་རབས་ཚོས་དེ་སྔོན་ཁོང་ལ་སློབ་ཁྲིད་ཇི་ལྟར་གནང་བ་ལྟར་སློབ་མ་ཚོ་ལ་རིན་པ་མི་དགོས་ཤིང་དཔེ་འཁྱུད་ཅུང་ཙམ་མེད་པར་མཛུབ་ཁྲིད་དང་ངག་སློབ་དཔེ་སྟོན་བྱེད་ཀྱི་ཡོད།

  ཨ་བུས་ད་དུང་དུས་བསྟུན་མཉམ་བསྐྱོད་ཀྱིས་ཤོག་འཆམ་གྱི་གཞས་ཚིག་དེ་མཛའ་གཞས་ལས་བརྒལ་ནས་འཚོ་བ་གསར་པ་དང་ཕ་ཡུལ་ལ་བསྔགས་བརྗོད་བྱེད་པའི་གཞས་གསར་མང་དུ་བརྩམས་ཡོད་པ་རེད། ད་ཆ་ཤོག་འཆམ་ཞབས་བྲོ་དེ་སློབ་གྲྭར་ཡང་སྤེལ་འགོ་ཚུགས་ཏེ་དར་ལམ་གསར་པ་ཞིག་རྙེད་ཡོད།

   སྡེ་རོང་གི་ཤོག་འཆམ་ཞབས་བྲོ་དེ་དམངས་ཁྲོད་ནས་བྱུང་ཞིང་དར་ནས་ད་བར་དེའི་གཞས་ཚིག་དང་། དབྱངས་རྟ། སྟངས་སྟབས། རྒྱན་གོས་སོགས་ལ་ས་གནས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད། དེའི་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་བསམ་པའི་དད་སེམས་དང་རིན་ཐང་གི་ལྟ་བ་ཡང་འདྲེས་ཡོད། 2018ལོར་སྡེ་རོང་རྫོང་གི་མཛའ་བྲོ་ཤོག་འཆམ་ལ་རྒྱལ་ཁབ་རིག་གནས་པུའུ་ཡིས“ཀྲུང་གོའི་མཛའ་བྲོའི་རིག་གནས་སྒྱུ་རྩལ་གྱི་ཆོལ་ཁ་ཞེས་པའི་མཚན་སྙན་གནང་བ་རེད།།       


  • ལེ་ཚན་སྔོན་མ།:ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།