ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།

ཡེ་ཤེས།        2020-03-18

 ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ།། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།།

ཁམས་ཀྱི་བཟོ་བོ་ཆེན་མོ་བཅུའི་མཚན་སྙན་ཐོབ་མཁན་ཆོས་འཕེལ་གྱི་གནས་ཚུལ་རགས་བཀོད།


ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།

ཀརྨ་སྒར་བྲིས་ཁྲོད་ནས་མི་ཚེའི་རིན་ཐང་མངོན།

   ཀརྨ་སྒར་བྲིས་ཀྱི་ལུགས་སྐྱོང་བའི་ལྷ་རིས་པ་ཞིག་ཡིན་པའི་ཆ་ནས་ཆོས་འཕེལ་གྱིས་སྨྱུག་འཛིན་པར་ངོ་སྤྲོད་འདི་ལྟར་བྱས་པ་སྟེ། ཀརྨ་སྒར་བྲིས་ནི་བོད་ལུགས་ཐུན་མོང་མ་ཡིན་པའི་རི་མོའི་འབྲི་སྲོལ་ཆེན་པོ་ལྔ་ཡོད་པ་དེའི་ནང་ནས་སྐད་གྲགས་ཆེ་བའི་བྲིས་རྒྱུན་ཞིག་སྟེ། འདིའི་སྲོལ་ཐོག་མར་དར་སྤེལ་མཛད་མཁན་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་སློབ་མ་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཡིན་པར《ཀམ་ཚང་ཆོས་འབྱུང》སྡེ་དགེ་དཔར་མ་པོད་གཉིས་པར་གསལ་པོར་བཀོད་ཡོད་ཅིང་། ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཕྱག་རིས་ལ་མཁས་རྩལ་ཆེ་བར་བརྟེན་བཀའ་བརྒྱུད་ཕྱོགས་ཀྱི་དགོན་རྙིང་མང་པོ་ཞིག་ལ་སྒར་བྲིས་གྱི་སྲོལ་དར་ཁྱབ་བྱུང་བར་མངོན། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་ཕྱག་བྲིས་ཡིན་ཞེས་མཚན་བྱང་འཁོད་པའི་རྗེ་བཙུན་མི་ལ་རས་པ་དང་། ཚེ་རིང་མཆེད་ལྔའི་ཞལ་ཐང་ཆུང་བ་གཉིས་ལྷོ་བྲག་ཉི་ལྡེ་དགོན་པར་ཡོད་ཚུལ་སྐྱེས་ཆེན་དམ་པ་འགའ་ཞིག་གི་རྣམ་ཐར་ནང་གསལ་ཞིང་། ཡང་གྲུབ་ཐོབ་བརྒྱད་ཅུའི་ཞལ་ཐང་སྒར་བྲིས་བྱས་པ་ཞིག་གནས་ནང་དཔའ་བོ་རིན་པོ་ཆེའི་ཐུགས་དམ་རྟེན་གྱི་གྲས་སུ་ཡོད་པ་དང་། ཡང་ལྷོ་བྲག་སྲས་མཁར་དགུ་ཐོག་གི་ལྷ་ཁང་དུ་གྲུབ་ཐོབ་བརྒྱད་ཅུའི་ཞལ་ཐང་སྒར་བྲིས་བྱས་པ་བཅས་ཡོད་ཚུལ་དེའི་དཀར་ཆག་ཏུ་རྒྱས་པར་གསལ་བ་ལྟར་ཐང་ག་ཁག་གཅིག་དེ་སྔོན1988ལོ་ཁྲ་འབྲུག་དགོན་པར་མཇལ་རྒྱུ་ཡོད་པ་རེད།

ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།

   ཐང་ག་བྲིས་ནས་ཁོང་ལ་མྱོང་ཚོར་དང་བསམ་ཚུལ་ག་འདྲ་ཡོད་མིན་སྐོར་གླེང་བའི་ཚེ། ཆོས་འཕེལ་གྱིས་རང་ཉིད་དུས་ཡུན་རིང་པོར་ལས་འདིར་བརྩོན་ནས་མྱོང་ཚོར་དང་བསམ་ཚུལ་འདི་འདྲ་ཞིག་བྱུང་། ཐང་གའི་རི་མོ་འབྲི་མཁན་རང་ལ་མཚོན་ནས་བཤད་ན་དེ་ནི་སྒྱུ་རྩལ་གཞན་ཞིག་དང་གཏན་ནས་མཚུངས་པ་ཞིག་མ་རེད། རྒྱུ་མཚན་ནི་ང་རང་གིས་དད་སེམས་དྲི་མ་མེད་པའི་ཐོག་ནས་དུས་ཚོད་རིང་ཐུང་ལ་མ་བལྟས་པར་རྣལ་ནན་ཞིབ་གསུམ་འཛོམས་པའི་སྒོ་ནས་ཐང་ག་ཞིག་ལེགས་གྲུབ་བྱུང་བ་དང་། དེར་ཚོན་ཡག་པོ་ཞིག་རྒྱབ། བཅད་ཡག་པོ་རྒྱབ། ཤན་ཡག་མོ་ཞིག་བརྒྱབ་ཚར་དུས་དེ་ལ་ངམ་ཤུགས་ཀྱིས་བརྩེ་དུང་ཟབ་མོ་ཞིག་ཆགས་ཟིན་པ་རེད། དེ་ནི་ལག་པས་བྲིས་པ་ཙམ་མ་ཡིན་པར་བསམ་པའི་རྣམ་ཤེས་གསོན་པོ་ཞིག་ཞུགས་བསྡད་ཡོད་པ་རེད། སེམས་རྣལ་དུ་ཕབ་ནས་ཐང་ག་རེ་རེར་བལྟས་པ་ཡིན་ན་བྲི་བ་པོའི་སེམས་ཁམས་ཕུགས་ཀྱི་གཅེས་ནོར་དེ་མཐོང་ཐུབ་ཀྱི་རེད། ནམ་རྒྱུན་ཐང་ག་ཡང་དག་པ་ཞིག་ཐོན་ཚར་དུས་གཞན་གྱིས་རིན་གོང་ཚད་མཐོན་པོ་ཅི་འདྲ་ཞིག་སྦྱིན་ཡང་རང་གི་སེམས་ནང་བཙོང་མི་བྲ་པའི་སྣང་བ་ཞིག་སྐྱེས་ནས་དུས་ཡུན་རིང་པོར་ཡལ་ཐབས་མི་འདུག དེས་ན་ང་རང་གིས་ཐང་ག་ནི་སེམས་ཀྱིས་བྲིས་པའི་རྟེན་རྫས་ཁྱད་པར་ཅན་ཞིག་ཡིན་པར་འདོད་ཀྱི་ཡོད་ཅེས་བཤད་པ་རེད།

ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།

   ཆོས་འཕེལ་གྱིས་ཀརྨ་སྒར་བྲིས་ཐང་ག་འབྲི་མཁན་མི་ཞིག་ཡིན་དུས་མི་དེ་ཐང་ག་ལ་བརྩེ་དུང་ཟབ་པ་དང་མི་ཚེ་ཁྲོད་ཀྱི་དུས་ཚོད་ཕལ་ཆེར་དེ་ལ་སྤྱོད་འདོད་བ་ཞིག་ཡིན་ངེས་རེད། དཔེ་ཞིག་བཞག་ན། ཚན་རིག་པ་ཞིག་གིས་མ་རྒན་ཞིག་གིས་རང་གི་བུ་མོ་དུས་རྟག་དྲན་པའི་མིག་ཆུ་ཞིག་དེ་འགྱིག་དམ་ཆུང་ཆུང་ཞིག་གི་ནང་བླུགས་ནས་ཚན་རིག་ཞིབ་འཇུག་བྱེད་དུས་འགྱིག་དམ་ཆུང་ཆུང་དེའི་ནང་ཆུ་ཡིན་ནམ་མིག་ཆུ་ཡིན་པ་དབྱེ་བ་ཤེས་ངེས་རེད་མོད། འོན་ཀྱང་དེའི་ནང་མ་ཤེས་པ་ཞིག་ཡོད་པ་ནི་སྙིང་རྗེ་དང་བརྩེ་དུང་ཞིག་ཡོད་པ་དེ་རེད། དེ་ལྟར་རི་མོ་ལ་ཡག་བཙོག་ལྟ་ཤེས་དང་མི་ཤེས་མཁན་ཞིག་ཡིན་ཀྱང་སྤྱིར་བཏང་ཞིབ་འཇུག་ཡག་པོ་བྱས་ན་ལྟ་ཤེས་ངེས་རེད། ཡིན་ཡང་ཐང་ག་དེ་ལ་དགའ་ཞེན་དང་བརྩེ་དུང་། སྙིང་རྗེ། དཀའ་བའི་རྔུལ་ཆུ་ལས་ཐོན་པའི་བདེ་སྐྱིད་སོགས་རིག་རྒྱུ་མེད་པ་མང་པོ་ཞིག་ཐིམ་ཡོད་པ་ནི་སྒྱུ་རྩལ་གཞན་མ་དང་རྩ་བ་ནས་འདྲ་ལེ་མིན་ཞེས་བཤད།

   2012ལོར་འོད་དཔག་མེད་ཀྱི་ཞལ་ཐང་ལ་རྒྱལ་ཡོངས་མི་རིགས་ས་ཁུལ་ལས་རིགས་སློབ་གླིང་གི་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་སློབ་མའི་བརྩམས་ཆོས་འགྲེམ་སྟོན་ཐོག་གསེར་གྱི་རྟགས་མ་ཐོབ། 2013ལོ་མི་ལ་རས་པའི་ཞལ་ཐང་ལ་ཀརྨ་བི་ཤྭ་བུམ་པ་རྟགས་མ་སྐབས་དང་པོའི་བྱ་དགའ་ཨང་གཉིས་པ་ཐོབ། 2016ལོར་རྒྱལ་ཆེན་སྡེ་བཞི་དང་གནས་བརྟན་བཅུ་དྲུག སྒྲོལ་མ་ཉེར་གཅིག ཤཱཀྱ་ཐུབ་པ་སོགས་ཞལ་ཐང་བརྩམས་ཆོས་ཁག་ཅིག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔེ་མཛོད་ཁང་གིས་གསོག་ཉར་བྱས་ཡོད། 2019ལོར་ཆོས་འཕེལ་ལ་དཀར་མཛེས་ཁུལ་གྱི་རིག་གནས་རྒྱུད་འཛིན་དང་གསར་གཏོད་ཀྱི་བཟོ་བོ་ཆེན་མོ་བཅུའི་མཚན་སྙན་ཐོབ་ཡོད།

ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།

ཐང་གའི་རི་མོ་མི་ནུབ་རྒྱུན་དར་ཡོང་བར་ལྷག་བསམ་བཅངས།

   ཆོས་འཕེལ་དེ་སྔོན་སི་ཁྲོན་ཀརྨ་བི་ཤྭ་གངས་ལྗོངས་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་རི་མོའི་དགེ་རྒན་དང་ལྷ་རིས་པ་གཙོ་བོའི་འགན་ཁུར་མྱོང་ལ། ད་ལྟ་ཕ་རྒན་གྱིས་གཉེར་བའི་ཀརྨ་སྒར་བྲིས་ཐང་ཁའི་ལས་གཉེར་ཁང་དུ་ཇུས་འགོད་གསར་གཏོད་དང་སྒྱུ་རྩལ་གྱི་སྤྱི་ཁྱབ་ལྟ་སྐུལ་པའི་འགན་ཁུར་བཞིན་ཡོད། ཁོང་རང་གིས་ཀྱང་སྤྱི་གཉེར་ཁང་ཐོ་འགོད་བྱས་ཏེ་སྤྱི་གཉེར་ཁང་གི་མིང་ལ་སྡེ་དགེ་རྫོང་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཀརྨ་སྒར་བྲིས་ཐང་ག་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཞེས་ཟེར། ཆོས་འཕེལ་གྱིས་རང་གི་མ་འོངས་པའི་བསམ་ཚུལ་གླེང་ བའི་ཚེ། ཐང་ག་བྲིས་པ་དེ་ལུས་སེམས་གཉིས་ལ་ཕན་ཐོགས་ཡོད་པ་དང་ཐོག་མ་དེ་ལ་དགའ་ཞེན་ཡོད་དགོས། ཐང་ག་བྲིས་པ་ནི་བོད་ཀྱི་རིག་གནས་ཆེན་པོ་བཅུ་ལས་བཟོ་རིག་པའི་ཡ་གྱལ་ཡིན་ལ། སྤྱིར་ཀརྨ་སྒ་བྲིས་ལག་ཤེས་དེ་རྒྱུད་འཛིན་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ལ། བྱེ་བྲག་ཏུ་རང་གི་ཕ་རྒན་གྱི་ལག་ཤེས་དེ་རྒྱུད་འཛིན་བྱ་རྒྱུ་དེ་ཡིན།

   ལག་ཤེས་དེར་བརྟེན་ནས་རང་གི་འཚོ་བ་ཡར་རྒྱས་སོང་བར་ཕན་ཐོགས་ཆེན་པོ་འདུག རང་གིས་བྲིས་པའི་ཐང་ག་ཞིག་ཡང་དག་པ་ཐོན་ཚར་དུས་རང་སེམས་ལ་རིན་ཐང་ཅན་གྱི་ལས་ཀ་ཡག་པོ་ཞིག་ཐོན་སྣང་བྱུང་ནས་སེམས་བདེ་བ་དང་སྐྱིད་པོ་ཡོང་བ་རེད། དེའང་མ་འོངས་པར་ང་རང་གིས་སློབ་མ་དེ་བས་མང་པོ་ལ་སྲོལ་རྒྱུན་ལག་ཤེས་འདི་མཐར་ཕྱིན་པ་ཞིག་བསླབས་ཏེ་སློབ་མ་ཚོས་ལག་ཤེས་དེར་བརྟེན་ནས་འཚོ་བ་ཡར་རྒྱས་ཡོང་བ་དང་། ཐང་ག་བྲི་རྒྱུའི་དགའ་ཞེན་དང་བརྩེ་བ་ཡོད་པ། ཐང་གའི་རྒྱབ་ལྗོངས་དང་གཞུང་ལུགས། ཐང་ག་ནང་སངས་རྒྱས་ཀྱི་ཞལ་ཐིག་ཚད་དང་སྐུ་མདོག་མ་ནོར་བ་ཡང་དག་པ་རྒྱུན་འཛིན་ཡག་པོ་ཞིག་བྱེད་ཐུབ་པ་དེ་ཡིན། གལ་ཏེ་མི་རྣམས་ཀྱི་དད་པ་བྱེད་པའི་ཐང་ག་སྤུས་གཙང་ཡག་པོ་ཞིག་བྲི་ཐུབ་ན་རང་གི་མི་ཚེ་ཆེས་རིང་ནའང་ལོ་ངོ་བརྒྱ་ཙམ་ལས་མེད། ཐང་ག་ཡག་པོ་ཞིག་བྲིས་ཐུབ་སོང་ན་ལོ་ངོ་བརྒྱ་ཕྲག་མང་པོ་འཇིག་རྟེན་མི་ཡུལ་དུ་གནས་ཐུབ་པས་དལ་འབྱོར་མི་ལུས་ཐོབ་པའི་དོན་སྒོ་ཆོད་སོང་བ་རེད་ཅེས་བཤད་དོ།།

  • ལེ་ཚན་སྔོན་མ།:ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ།། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།།
  • ལེ་ཚན་རྗེས་མ།:ཤོག་འཆམ་གྱི་སྟངས་སྟབས་དང་འགྲོགས་པའི་མི་ཚེ།
  • དོ་སྣང་ཆེ་བའི་རྩོམ།