མཐོ་སྒང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་རོལ་དབྱངས་ཀྱི་རྒྱུས་སྐུད་ནས་དཀྲོལ།

བདེ་སྐྱིད་ཀྱིས་བྲིས།        2019-11-15

མཐོ་སྒང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་རོལ་དབྱངས་ཀྱི་རྒྱུས་སྐུད་ནས་དཀྲོལ།

གྲྭ་པ་ཆུང་ཆུང་ནས་རིག་རྩལ་ཚོགས་པའི་ཆེད་ལས་འཁྲབ་སྟོན་པར་གྱུར།

    ས་གཞི་ཡངས་པོ་འབྲུ་དྲུག་སྨིན་པའི་དྲི་ངད་འཐུལ་བའི་སྟོན་མཇུག་གི་ཉིན་མོ་ཞིག་ལ་དར་མདོའི་མཛའ་གཞས་མགྲོན་ཁང་ཆེན་པོའི་ནང་ཨོ་རྒྱན་གྱིས་སྨྱུག་འཛིན་པས་བཅར་འདྲི་ཞུས་པར་དང་ལེན་བྱས་པ་རེད།

    ཨོ་རྒྱན་ནི1944ལོའི་བོད་ཟླ་བཞི་པའི་ཚེས་བཞི་ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ངལ་གསོ་ཡུལ་ཤོག་ཏིང་སྨད་སེ་གྲོང་སྡེའི་ནང་སྐྱེས་ཤིང་། ཕ་མའི་ཐུགས་ཁུར་འོག་ཨོ་རྒྱན་སེམས་ཁྲལ་ཅི་ཡང་མེད་པར་འཚར་ལོངས་བྱུང་ཡོད་མོད། འོན་ཀྱང1947ལོར་བསླེབས་སྐབས་སེམས་ཁྲལ་མེད་པའི་འཚོ་བའི་རྣམ་པ་མཇུག་བསྒྲིལ་སོང་བ་རེད། ལོ་དེར་ལིའུ་ཝུན་ཧུའེ་ཡིས་འོས་ལངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་མཐར། དམག་དཔུང་ཚང་མ་མི་དམངས་བཅིངས་འགྲོལ་དམག་ལ་བསྒྱུར་ནས་དམག་དཔུང་གི་ཁོངས་མི་གཅིག་ཡིན་པའི་ཨོ་རྒྱན་གྱི་ཨ་ཕ་ཁྱིམ་ཚང་དང་མི་བྲལ་ཁག་མེད་བྱུང་བ་རེད། དུས་དེ་ནས་བཟུང་ཨོ་རྒྱན་དང་ཁོའི་ཨ་མ།གཅེན་མོ་བཅས་འཚོ་བའི་ཐད་དཔལ་འབྱོར་ཡོང་ཁུངས་མེད་པས་དཀའ་སྡུག་གི་གནས་སུ་ལྷུང་།དེའི་དུས་སུ་དགོན་པའི་གྲྭ་པ་བྱས་ན་དགོན་པས་གྲྭ་སྐལ་བོད་དངུལ་སྒོར300ཙམ་སྦྱིན་བཞིན་ཡོད་པའི་གནས་ཚུལ་གོ་ནས། འཚོ་བའི་ཆེད་དུ་ཨ་མས་ཨོ་རྒྱན་ལི་ཐང་དགོན་དུ་བསྐྱལ་ནས་གྲྭ་པ་བྱེད་དུ་བཅུག་པ་རེད། དུས་ཚོད་ཆུ་རྒྱུན་བཞིན་དུ་འདས་ནའང་ཨ་ཕའི་གནས་ཚུལ་གཏན་ནས་གོ་རྒྱུ་མེད་པའི་གནས་སུ་འཁེལ། བཅིངས་འགྲོལ་གཏོང་རན་པའི་སྐབས་སུ་ཨ་མས་གཅེན་མོ་ཁྲིད་ནས་རྫོང་གྲོང་ཁུལ་དུ་བསྡད་པ་དང་། ཨོ་རྒྱན་དགོན་པ་ནས་བུད་དེ་མུ་མཐུད་ནས་ཨ་མྱེས་ཀྱི་སྐུ་འདུན་དུ་ཆོས་གཞུང་སྦྱངས་པ་རེད།སློབ་སྦྱོང་གི་ཞོར་ལ་ཨོ་རྒྱན་གྱིས་འདམ་སེར་གྱི་སྲོག་ཆགས་ཆུང་ཆུང་བཅའ་རྒྱུར་དགའ་པོ་བྱེད་ཡོད་པ་རེད། རྒན་རྣམས་ཀྱིས་མཐོང་ནས་ཁོ་ནི་འཇིམ་བརྙན་མཁས་ཅན་ཕུལ་བྱུང་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བསྔགས་བརྗོད་བྱས་ཤིང་། རིམ་བཞིན་མིག་གིས་མཐོང་མྱོང་བའི་དངོས་པོ་ཞིག་ཡིན་ན་ཨོ་རྒྱན་གྱིས་རེ་རེ་བཞིན་བསྐྱར་དུ་གསར་བཞེངས་བྱེད་ཐུབ་པ་རེད།ཨུ་རྒྱན་གྱི་ཞང་པོ་ནི་སྐད་གྲགས་ཡོད་པའི་ལྷ་བཟོ་ཞིག་ཡིན་ཞིང་། ཨོ་རྒྱན་ལ་སྒྱུ་རྩལ་གྱི་ལྷན་སྐྱེས་ཡོན་ཏན་མཐོང་རྗེས་ཞང་པོས་ཨོ་རྒྱན་ལ་ཐང་ག་སྦྱོང་འཇུག་རྒྱུའི་གྲོས་འགོ་བཏོན་པ་རེད། ཨོ་རྒྱན་འདམ་སེར་བཅའ་རྒྱུར་དགའ་པོ་བྱེད་པར་མ་ཟད། ཆུང་དུས་ནས་དམངས་ཁྲོད་སྒྱུ་རྩལ་པ་རིག་འཛིན་གྱིས་ཤུགས་རྐྱེན་འོག་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བྱ་རྒྱུ་ལའང་ཧ་ཅང་དགའ་བ་རེད། དུས་རྟག་པར་ཡུལ་མི་ཚོར་གླུ་ལེན་གར་འཁྲབ་བྱས་ནས་ཚང་མའི་དགའ་བསུ་ཐོབ། ཡུལ་མི་ཚོས་རྗེས་སུ་ཨོ་རྒྱན་གླུ་གར་གྱི་ལས་དོན་སྒྲུབ་མཁན་ཞིག་རེད་རྒྱུ་རེད་ཅེས་སྔོན་ཚོད་ཀྱི་སྐད་ཆ་བཤད་པ་རེད།

    ལས་དབང་གིས་སྔ་མོ་ནས་བཀོད་སྒྲིག་བྱས་ཡོད་པ་ནང་བཞིན1958ལོའི་སྤྱི་ཟླ7པར་དཀར་མཛེས་ཁུལ་རིག་རྩལ་ཚོགས་པས་ཕྱག་ཕྲེང་རྫོང་གི་ལོ་རྒྱུས་ཐོག་ཐེངས་དང་པོའི་ཆེད་ལས་ཀྱི་ངོ་བོ་ལྡན་པའི་འཁྲབ་སྟོན་བྱེད་ས་ཡོང་བ་རེད། རིག་རྩལ་ཚོགས་པས་སློབ་མ་བསྡུ་རྒྱུའི་གནས་ཚུལ་གོ་བ་དང་ཉིན་འགའི་སྔོན་རིག་རྩལ་ཚོགས་པས་འཁྲབ་པའི་སྒེག་ཉམས་ཕྱུག་པའི་ཞབས་བྲོ་དང་སྙན་ཞིང་འཇེབས་པའི་རོལ་དབྱངས་བཅས་མིག་གིས་མཐོང་ཞིང་རྣ་ལམ་དུ་ཐོས་པ་དང་ཆབས་ཅིག གྲོགས་པོ་བཟང་པོ་ཅང་ཁྲུན་དང་མཉམ་དུ་ཚོད་ལྟ་རྒྱུགས་བྱེད་དུ་འགྲོ་བ་རེད།

འགོ་ཁྲིད་ཀྱི་གཟུགས་ཉམས་འཛིན་མཁན་ཞིག་གིས་པང་ལེབ་ཐོག1234567བྲིས་ནས་ཁོ་གཉིས་ལ་འདོན་དགོས་ཟེར། ཨོ་རྒྱན་གྱིས་རོལ་དབྱངས་དགེ་རྒན་གྱིས་བསྩལ་མྱོང་བའི་དབྱངས་རྟ་བཞིན་དབུགས་ཐེངས་གཅིག་གིས་འདོན་པ་རེད། དེའི་སྐབས་སུ་ཨོ་རྒྱན་ཤ་རྒྱགས་པ་ཞིག་ཡིན་པས་རིག་རྩལ་ཚོགས་པས་ཁོའི་བྱད་གཟུགས་ལ་དེ་ཙམ་ཡི་རང་མེད། ཉིན་འགའི་རྗེས་སུ། རྒྱུགས་སྤྲད་པའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་སྐབས་ཨོ་རྒྱན་མིང་ཐོའི་ནང་ཟུར་དུ་བསྒྱུར་ཚར་སོང་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཅང་ཁྲུན་གྱིས་ཨོ་རྒྱན་རིག་རྩལ་ཚོགས་པ་ནང་མི་བསྡུ་ན་ང་ཡང་འགྲོ་རྒྱུ་མེད་ཅེས་འགོ་ཁྲིད་ལ་ཆ་རྐྱེན་གླེང་བ་དང་། ཨོ་རྒྱན་གྱི་མཛུབ་མོ་ཕྲ་ཞིང་རིང་བས་རོལ་ཆས་སྦྱོང་བའི་མདུན་ལམ་ངེས་ཅན་ཞིག་ཡོད་པར་བསམ་གཞིགས་བཏང་སྟེ། རིག་རྩལ་ཚོགས་པས་ཨོ་རྒྱན་བསྡུ་ལེན་བྱས་ནས་ཅང་ཁྲུན་དང་མཉམ་དུ་ཁུལ་རིག་རྩལ་ཚོགས་པར་ཞུགས་ཐུབ་སོང་བ་རེད།

མཐོ་སྒང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་རོལ་དབྱངས་ཀྱི་རྒྱུས་སྐུད་ནས་དཀྲོལ།

དཀའ་སྤྱད་སྦྱོང་བརྡར་བྱས་ནས་བརྩམས་ཆོས་དང་པོ་ལེགས་གྲུབ་བྱུང་།

    ཕྱག་ཕྲེང་རྫོང་ནས་རང་སྐྱོང་ཁུལ་གནས་ཡུལ་དར་མདོར་ཐོན་རྗེས་སློབ་སྦྱོང་དང་དག་ཐེར་བྱས་པར་བརྩམས་པའི་དུས་མཚུངས་སུ།དགེ་རྒན་གྱིས་མཛུབ་སྟོན་འོག་ལོ་གཅིག་གི་རིང་ཨོ་རྒྱན་གྱིས་པི་ཝང་རྒྱུད་གཉིས་མ་དཀྲོལ་སྟངས་ཀྱི་འབྲེལ་ཡོད་ཐབས་རྩལ་ཁོང་དུ་ཆུད་པ་རེད།

1960ལོར་ཚོགས་པས་ཨོ་རྒྱན་སི་ཁྲོན་རོལ་དབྱངས་སློབ་གླིང་གི་མི་རིགས་འཛིན་གྲྭར་བསྐྱལ་བ་རེད། སློབ་གླིང་ནང་ཁོང་གིས་འབད་བརྩོན་ཆེན་པོ་དང་སློབ་སྦྱོང་ཡག་པོ་བྱས་ཤིང་།ལོ་གཅིག་གི་དུས་ཚོད་ནང་ཁོང་རང་ཁེར་རྐྱང་གི ས《འོ ད ་ སྣ ང ་ བྱ ་ སྤྱོ ད》ད ང《ཚོ ང ་འདུས》སོགས་དཀའ་ཚེགས་ཅུང་ཆེ་བའི་པི་ཝང་རྒྱུད་གཉིས་མ་ཁེར་དཀྲོལ་རོལ་དབྱངས་དཀྲོལ་ཐུབ་ཡོད་པ་དང་ཆབས་ཅིག ཁོང་གིས་རྒྱ་ཡིག་ཤེས་བྱ་དང་གཞན་དག་རོལ་དབྱངས་ཤེས་བྱའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་པ་རེད།

    1961ལོར་ཨོ་རྒྱན་རིག་རྩལ་ཚོགས་པར་ཕྱིར་ལོག་ནས་རིག་རྩལ་ཚོགས་པས་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་འཁྲབ་སྟོན་བྱེད་པར་འགྲོ་དགོས་པས། ཨོ་རྒྱན་གྱིས་འཕྲལ་དུ་བྲེལ་འཚབ་ཆེ་བའི་ལས་ཀར་ཞུགས་པ་རེད། འཁྲབ་སྟོན་མཇུག་འགྲིལ་རྗེས་ཨོ་རྒྱན་གྱི་འཁྲབ་སྟོན་ཆུ་ཚད་ལ་ཚང་མས་ཁས་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཨོ་རྒྱན་གྱིས་རོལ་ཆས་ཀྱི་ལས་ཀ་སྤེལ་ན་གཅིག་གོ་མང་ཆོད་བྱ་དགོས་པའི་ཉམས་མྱོང་ཐོབ་སྟེ། ཁོང་གིས་པི་ཝང་དང་ཨོག་ལེན་འབྲིང་བ་སོགས་ཀྱི་རོལ་ཆས་དཀྲོལ་འགོ་བརྩམས་པ་རེད།

    1965ལོ་ནས་བཟུང་། རིག་རྩལ་ཚོགས་པས་ཡན་ལག་རུ་ཁག་སྒོ་ནས་གྲོང་གསེབ་ཏུ“ཝུའུ་ལན་མུའུ་ཆིའི་”སྙིང་དོན་ལག་བསྟར་བྱས་པའི་བྱེད་སྒོ་སྤེལ་ནས་ཨོ་རྒྱན་ལ་སླར་ཡང་སྦྱོང་བརྡར་ཐེབས་ཡོད། ཨོ་རྒྱན་གནས་སའི་རུ་ཁག་གིས་བྲག་མགོ་རྫོང་སིབ་མོ་ཤང་དུ་འཁྲབ་སྟོན་བྱེད་པ་རེད། ཁོ་ཚོའི་མཉམ་དུ་སྨན་བཅོས་རུ་ཁག་ཅིག་ཡོད་པ། སྨན་བཅོས་རུ་ཁག་གིས་རོགས་རམ་འོག་ཞིང་འབྲོག་མང་ཚོགས་མང་པོ་ཞིག་ལ་སྨན་བཅོས་རོགས་སྐྱོབ་ཐོབ་པ་ལས་མའོ་ཀྲུའུ་ཞི་ཁྲི་ལོ་བརྟན་པར་ཤོག་དང་གུང་ཁྲན་ཏང་ཁྲི་ལོ་བརྟན་པར་ཤོག་ཅེས་པའི་བསྔགས་བརྗོད་སིབ་མོ་ཤང་དུ་ཁྱབ། དེ་དག་མཐོང་རྗེས་ཨོ་རྒྱན་ལ་སེམས་འགུལ་ཆེན་པོ་ཐེབས་པ་རེད།

    ཉིན་ཞིག་གཞས་གདངས་རྩོམ་མཁན་ཏུའུ་ཕེ་ཀྲུང་སར་ཨོ་རྒྱན་གྱིས《ཚིག་གི་དུས་དེབ》ཅིག་མཐོང་བ་དེའི་ནང《མའོ་ཀྲུའུ་ཞིས་མངགས་པའི་སྨན་པ་ཡག་པོ》ཞེས་པའི་ཚིག་ལ་ཁོང་གི་ཡིད་དབང་རབ་ཏུ་འཕྲོག་པ། ཁོང་གིས《ཚིག་གི་དུས་དེབ》གཡར་ནས་ངག་སྐྱོར་ཡང་ཡང་བྱས་མཐར་རྩོམ་པ་པོ་ཀྱང་བློར་བཟུང་བ་རེད།སེམས་རྩ་འཁོལ་པོ་ཞིག་ལ་བརྟེན་ནས་ཁོང་གིས་སྔ་དྲོ་གཉིས་ཀྱི་ངལ་གསོའི་དུས་ཚོད་སྤྱད་དེ་གྲོ་སྤུངས་ནང་གབ་ནས《མའོ་ཀྲུའུ་ཞིས་མངགས་པའི་སྨན་པ་ཡག་པོ》ཞེས་པའི་ཚིག་གི་ཕོ་མོའི་སྒྲ་གདངས་ཉིས་སྦྲགས་ཀྱི་གཞས་གཏོང་གི་རོལ་དབྱངས་བརྩམས་པ་རེད། ཨོ་རྒྱན་གྱིས་རོལ་དབྱངས་བརྩམས་ཆོས་དེ་ཚོགས་གཙོ་ཝང་ཀྲུང་ལ་སྤྲད་ཅིང་། ཝང་ཀྲུང་གིས་འཛུམ་དམུལ་དམུལ་ངང་ཨོ་རྒྱན་གྱི་ཕྲག་པར་རྡེབ་བཞིན་གླུ་པ་སྐལ་བཟང་ཆོས་འཕེལ་དང་གུའུ་ཧུང་ཀྲེན་གཉིས་ལ་གླུ་གཞས་དེ་ཚོད་ལྟ་གཏོང་རྒྱུར་བཀོད་སྒྲིག་བྱས་མཐར། སྙན་འཇེབས་ལྡན་པའི་གླུ་སྒྲ་དང་མི་རྣམས་ཀྱི་བསྔགས་བརྗོད་ཁྲོད་ཨོ་རྒྱན་གྱི་བརྩམས་ཆོས་དང་པོ་དངོས་སུ་ལེགས་གྲུབ་བྱུང་བ་རེད།

    དུས་ཚོད་མི་རིང་བར《མའོ་ཀྲུའུ་ཞིས་མངགས་པའི་སྨན་པ་ཡག་པོ》ཞེས་པའི་གླུ་གཞས་བོད་རིགས་ས་ཁུལ་དང་རྒྱལ་ཡོངས་སུ་ཁྱབ་པར་མ་ཟད། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་བརྙན་འབེབས་བྱས་ནས་བསྟན་པ་རེད། 1997ལོར་དཀར་མཛེས་ཁུལ་གྱི“་ ཝུའུ་ལན་མུའུ་ཆིས་”གླུ་གཞས་ཚོགས་པས་པེ་ཅིང་ལ་འཁྲབ་སྟོན་བྱེད་སྐབས《མའོ་ཀྲུའུ་ཞིས་མངགས་པའི་སྨན་པ་ཡག་པོ》ཞེས་པའི་གླུ་གཞས་དེ་སྔར་བཞིན་དགའ་བསུ་ཐོབ་པས་མ་ཚད་གདེང་འཇོག་ཡག་པོ་ཐོབ་པ་རེད། 2007ལོར་ད་དུང་གླུ་པ་ཚོསMVནང་བཞག་ནས་གླུ་དབྱངས་ཀྱི་ཆེད་སྒྲིག་བཟོས་ཡོད་པ་རེད།

    རོལ་དབྱངས་གསར་རྩོམ་དེ་མི་ཚེའི་ཉར་ཚགས་རྩ་ཆེན་ཞིག་ཏུ་གྱུར།

    བརྩམས་ཆོས་དང་པོ་ལེགས་གྲུབ་བྱུང་བ་དེས་ཨོ་རྒྱན་དང་རོལ་དབྱངས་གསར་རྩོམ་བར་འབྲེལ་བ་ཟབ་མོ་ཆགས། དུས་དེ་ནས་བཟུང་རོལ་དབྱངས་གསར་རྩོམ་དེ་ཨོ་རྒྱན་གྱི་མི་ཚེའི་གང་གི་ཉར་ཚགས་རྩ་ཆེན་ཞིག་ཏུ་གྱུར་བ་རེད། 1980ལོར་ཨོ་རྒྱན་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཆེས་མཐོའི་སློབ་གླིང་སྟེ་ཀྲུང་དབྱང་མི་རིགས་སློབ་གླིང་གཞས་གདངས་རྩོམ་མཁན་འཛིན་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཅུང་རྒྱུད་རིམ་ལྡན་པའི་གཞས་གདངས་རྩོམ་སྟངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་ཏེ། ཨུ་རུ་སུའི་མི་རིགས་རོལ་དབྱངས་ཕྱོགས་ཁག་གི་སྲོལ་གཏོད་པ་ཀེ་ལིན་ཁས་བཏོན་པའི་དངོས་སུ་རོལ་དབྱངས་གསར་རྩོམ་བྱེད་མཁན་ནི་མི་དམངས་ཡིན་པ་དང་།གཞས་གདངས་རྩོམ་མཁན་ནི་དེ་དག་རོལ་དབྱངས་སྒྲིག་མཁན་ཞིག་ཡིན་པའི་ལེགས་བཤད་གྲགས་ཅན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་བརྟེན། ཨོ་རྒྱན་གྱིས་གསར་རྩོམ་ཁྲོད་བོད་མི་རིགས་ཀྱི་རང་བྱུང་སྙིང་སྟོབས་དང་བརྩེ་སེམས་མཚོན་པ་བྱས་ཡོད། རྒྱ་རིགས་དང་བོད་མི་རིགས་ཀྱི་དུས་ཡུན་རིང་པོའི་བརྩེ་སེམས་ཟབ་མོ་བཅངས་པར་བསྟོད་བསྔགས་བྱ་ཆེད། ཁོང་གིས《ཨ་མ་གཅིག་གི་བུ་མོ》ཞེས་པའི་གླུ་དབྱངས་བརྩམས་པ་དང་། བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་ནས་གངས་ལྗོངས་མི་དམངས་དུས་རབས་ཀྱི་རིམ་པ་གསར་པར་སྐྱོད་ཆེད། ཁོང་གིས《རི་ཆེན་བརྒྱུད་ནས་ཕྱི་ཡུལ་དུ་བསྐྱོད》ཅེས་པའི་གླུ་དབྱངས་བརྩམས་ཡོད། སྟོན་དུས་མཐོ་སྒང་གི་ངལ་རྩོལ་མི་དམངས་ཀྱི་ལོ་ལེགས་ཐོན་པའི་སྤྲོ་སྣང་མཉམ་སྤྱོད་བྱ་ཆེད། ཁོང་གིས《ནས་རྡུང་ཨ་ལ》ཞེས་པའི་གླུ་དབྱངས་བརྩམས་ཡོད། ནུབ་རྒྱུད་གསར་སྤེལ་གྱི་འཛུགས་སྐྲུན་ལ་སྐུལ་མ་གཏང་ཆེད། ཁོང་གིས་རྔམ་བརྗིད་ལྡན་པའི《ཁམས་པའི་གླུ་དབྱངས》བརྩམས་ཡོད་པ་རེད།

    ལོ་བཅུ་ཕྲག་ཁ་ཤས་ཀྱི་གསར་རྩོམ་ལོ་ཟླའི་ནང་ཨོ་རྒྱན་རིམ་བཞིན་སྐད་གྲགས་ཁྱབ་དང་ཁྱབ་བཞིན་ཡོད་པ་རེད།བསྡོམས་རྩིས་བྱས་པར་གཞིགས་ན། ཁོང་གིས་སྔོན་རྗེས་སུ་རོལ་དབྱངས་བརྩམས་ཆོས800ལྷག་ཙམ་གསར་རྩོམ་བྱས་ཡོད་པ་དང་གསར་རྩོམ་བྱས་པའི་རྒྱལ་སྤྱིའི་རིམ་པའི་བྱ་དགའ1དང་།རྒྱལ་ཁབ་རིམ་པའི་བྱ་དགའ7 ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ18བཅས་ཐོབ་ནས་རྒྱལ་ནང་གི་བོད་རིགས་ཀྱི་རོལ་དབྱངས་མཁས་ཅན་རོལ་དབྱངས་གྲགས་ཅན་དང་། ཀྲུང་གོའི་བོད་རིགས་ཀྱི་གཞས་གདངས་རྩོམ་མཁན་གྲགས་ཅན་གྱུར་པ་དང་ཆབས་ཅིག ཁོང་གིས་བོད་མི་རིགས་ཀྱི་སྒྱུ་རྩལ་མཁས་ཅན་གྱི་ཚབ་ཞུས་ནས་སྔོན་རྗེས་སུ་ལྗར་པིན་དང་ཐའེ་ཝན། ཞང་ཀང་སོགས་ཀྱི་སྒྱུ་རྩལ་དུས་སྟོན་ནང་ཞུགས་ཡོད་པ་རེད། ཡིན་ནའང་ཨོ་རྒྱན་མཚན་སྙན་ཁྲོད་དུ་ཚིམ་མེད་བྱས་ནས་གོམ་སྟབས་སྤོས་མཚམས་བཞག་མེད་ལ། ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་རོལ་དབྱངས་སྟེགས་བུའི་ཐོག་གཞིར་འཛིན་དགོས་པར་མདུན་ལམ་ད་དུང་ཧ་ཅང་རིང་པོ་ཡིན་པ་ཞེས་གསར་འགོད་པར་བསྡོམས་ཚིག་གི་ཚུལ་དུ་དེ་ལྟར་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཉག་ཨ་ཛི་རོང་ན་སྲོལ་རྒྱུན་བཟོ་རྩལ་རྣམ་པར་བཀྲ། ཉག་རོང་གི་སྨན་འཇིམ་འབག་མགོ་བཟོ་རྩལ་གྱི་བརྒྱུད་འཛིན་པ་བསོད་ནམས་རྒྱལ་མཚན་གྱི་གནས་ཚུལ་རགས་བཀོད།
  • ལེ་ཚན་རྗེས་མ།:ཐང་གའི་རིག་གནས་སྒྱུ་རྩལ་དོ་ར་རུ།། ཀརྨ་སྒར་བྲིས་མེ་ཏོག་རྣམ་པར་བཀྲ།།
  • དོ་སྣང་ཆེ་བའི་རྩོམ།