ཧོར་བྲག་མགོའི་ཡུལ་གྱི་ཉུང་མའི་ཁམ་ཚད་བཟོ་ཐབས།

ར་ཧོར་བ་དགེ་འདུན་དར་རྒྱས།        2018-06-28

   

ཧོར་བྲག་མགོའི་ཡུལ་གྱི་ཉུང་མའི་ཁམ་ཚད་བཟོ་ཐབས།

  ཉུང་མའི་ཁའ་ཚོས་ལ་འབྲོག་ཕྱོགས་སུ་ཁའ་ཚེ་ཟེར། དོན་ལ་དང་པོ་ཉུང་མ་ཁམ་ཚད་མ་ཞེས་པའི་སྒྲ་དེ་ཁ་ཚེ་ཞེས་འགྱུར་སོང་བ་ཞིག་ཡིན་ཟེར་བ་དང་ཡང་ལ་ལས་སླ་ངའི་ནང་དུ་ཁའ་ཤིང་གི་ལྕུག་ཕྲན་གྱིས་ཆོད་བྱས་པས་དེ་ཐོག་ཏུ་ཉུང་མ་སྐམ་པོ་བཙོས་ལ་ཁའ་ཚོས་ཤེས་བཏགས་པ་རེད་ཀྱང་ཟེར། རོང་ཕྱོགས་འགའ་རེས་ཉ་ཀོ་ཡང་ཟེར། ཉུང་མའི་ཁམ་ཚད་ནི་བོད་དམངས་ཁྲོད་ཀྱི་གནའ་སྔ་མོའི་མངར་ཆའི་ཞོར་ཟས་ཤིག་ཡིན་པ་དང་བོད་ལ་གནའ་ནས་བཟུང་ད་བར་དུ་འདི་བཟའ་བའི་སྲོལ་ཡོད་ལ་བཟའ་ལུགས་ནི་ཉུང་མའི་ཁམ་ཚད་སྐམ་པོ་རྡོག་གཅིག་ཁ་ནང་དུ་བཟུང་ལ་དལ་མོའི་ངང་མཆིལ་མས་རློན་པ་བྱས་ནས་དམུར་ཞིང་བཟའ། ཉུང་མའི་ཁམ་ཚད་འདི་ལ་རོ་དང་བྲོ་བ་ཁྱད་མཚར་ཅན་ཞིག་ཡོད་པས་ལོ་ལོན་དང་བྱིས་པ་རྣམས་བཟའ་བར་ཧ་ཅང་དགའ་པོ་ཡོད་པ་རེད། འདིས་ད་ལྟའི་ཤོག་སྦྲང་སོགས་མངར་ཆའི་རིགས་ཀྱི་ཚབ་བྱས་ཡོད་པར་མ་ཟད་ཉུང་མའི་ནང་དུ་མིའི་ལུས་ཁམས་ལ་མཁོ་བའི་རྒྱུ་ཆ་མང་པོ་ཡོད་པས་ལུས་ཟུངས་གསོ་བ་སོགས་ལ་ཕན་པ་ཆེན་པོ་ཡོད་པ་ནི་ཚན་རིག་པ་དང་འཚོ་བཅུད་རིག་པ་སྨྲ་བ་རྣམས་ཀྱི་ར་སྤྲོད་གནང་གི་ཡོད་པ་ལྟར་རེད། སྔར་རོང་ཕྱོགས་ནས་འབོར་ཆེན་བཟོས་ནས་འབྲོག་ཕྱོགས་སུ་ཆུར་བ་དང་ར་ལུག་གི་ལྤགས་པར་བརྗེ་ནས་ཚོང་བྱེད་པ་རེད།

ཧོར་བྲག་མགོའི་ཡུལ་གྱི་ཉུང་མའི་ཁམ་ཚད་བཟོ་ཐབས།

   རྒྱུ་ཆ་འདེམ་པ་ལ། ཉུང་མའམ་ཡུང་མ། འབྲོག་པ་འགའ་རེས་ར་ལས་ཀྱང་ཟེར། འདིའི་རིགས་ཁ་དོག་དམར་པོ་ཆུང་ཆུང་། མགོའི་ལོ་མ་དང་ལོ་རྩ་ཆུང་ཞིང་རྔ་མ་ཕྲ་མོ་ཅན། ཆེ་ཆུང་ལ་ཕང་ལོའི་ཚད་ཙམ་ཡོད་པ་རྣམས་འདེམ་དགོས། འདིའི་རིགས་ནི་ཉུང་ཤ་སྣག་ལ་རོ་མངར་པོ་ཡོད་པས་ཡིན། གཞན་ཉུང་མ་སྟོན་ཁ་བད་མོ་ཐེངས་འགར་བཞག་པ་ཅན་ཡིན་ན་དེ་ལས་ཀྱང་མངར་ཆ་ཡག་པོ་ཡོད་པ་རེད། ཆུའི་ནང་དུ་གཙང་མ་བཀྲུས་ནས་ཟླ་གཉིས་གསུམ་ཙམ་ལ་བསིལ་སྐམ་བྱ་དགོས། ཉི་མར་སྐམ་མི་རུང་བས་ཉི་དུག་གིས་ནད་སོགས་སློང་བ་དང་ཕོ་ཁར་གནོད། གློ་གཅོང་གི་ནད་ཀྱང་སློང་སྲིད།

ཧོར་བྲག་མགོའི་ཡུལ་གྱི་ཉུང་མའི་ཁམ་ཚད་བཟོ་ཐབས།

ཧོར་བྲག་མགོའི་ཡུལ་གྱི་ཉུང་མའི་ཁམ་ཚད་བཟོ་ཐབས།

   བཟོ་ཐབས་དངོས་ལ། འདི་ལ་བཙོ་སྟངས་རིགས་གཉིས་སུ་སྣང་ལ་གཅིག་ནི་རླངས་ཁྲའམ་ཁའ་ཤིང་གི་ཆོད་བྱས་པའི་ཐོག་རླངས་བཙོ་དང་ཆུ་ནང་དུ་བཙོས་པས་རང་ཁུ་རང་ཐག་ཟེར་བ་གཉིས་ཡོད། རང་ཁུ་རང་ཐག་བཙོ་ལུགས་ནི་ཉུང་མ་སྐམ་པོ་རྣམས་ཆུ་གྲང་མོའི་ནང་དུ་བཀྲུས་ནས་སླ་ང་ཞིག་གི་ནང་དུ་སྦྲང་ནག་དང་སྦྲང་རྩི། ཆུ་བཅས་བླུགས་ནས་གདུ། ཉུང་མ་ལེགས་པར་ཚོས་ནས་ཆུ་དང་སྦྲང་གི་ཁུ་བ་རང་ཐག་ཏུ་སོང་བ་ན་ཉུང་མ་རྡོག་པོ་རེ་རེ་བཞིན་སྐུད་པ་ལ་ཕྲེང་བ་ལྟར་བྱས་ནས་བསིལ་སྐམ་བྱ། རློན་པར་ཟོས་ནའང་ཆོག་ལ་སྐམ་པོ་བྱེད་པ་ནི་དུས་ཚོད་ཡུན་རིང་ལ་ཉར་ཚགས་ཐུབ་པ་དང་བྲོ་བ་ཇེ་ཞིམ་དུ་འགྲོ་བའི་ཆེད་ཡིན་པ་རེད།   


  • ལེ་ཚན་སྔོན་མ།:ཧོར་བྲག་མགོའི་རོང་འབྲོག་གི་ལོ་སྐྱུར་བཟོ་ཐབས།
  • ལེ་ཚན་རྗེས་མ།:བོད་མིའི་ཆང་གི་རིག་གནས་སྐོར།