མཛའ་གཞས་དབྱངས་ཀྱི་བདག་མོ་ཨ་རྣམ་ཟླ་བ་སྒྲོལ་མ།

བདེ་ཆེན་དབང་མོ།        2018-06-22

མཛའ་གཞས་དབྱངས་ཀྱི་བདག་མོ་ཨ་རྣམ་ཟླ་བ་སྒྲོལ་མ།

    རྒྱལ་ཁབ་ཕྱི་ནང་ན་མིང་དུ་གྲགས་པའི་བོད་རིགས་གླུ་མ་ཨ་རྣམ་ཟླ་བ་སྒྲོལ་མ་ནི1987ལོའི་ཟླ་བ7པའི་ཚེས25ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་མཛེས་མའི་ལུང་པ་ཞེས་མཚན་སྙན་ཡོད་པའི་བྲག་སྟེང་ཡུལ་ཚོ་ནས་ཚེ་སྲོག་གི་མྱུ་གུ་གསར་དུ་འབུས། ཆུང་དུས་ནས་མཛའ་གཞས་ཀྱི་ཆོལ་ཁ་ཞེས་སྙན་པའི་གྲགས་པ་འབར་བའི་ཁམས་དར་རྩེ་མདོ་ནས་འཚར་ལོངས་བྱུང་བས་ཁྱིམ་ཚང་དང་འཚོ་བའི་ཁོར་ཡུག་གི་ཤུགས་རྐྱེན་འོག་ནས། བོད་ཀྱི་གཏམ་དཔེ་རུ་གྲགས་པའི་གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་པ་དང་། སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ཞེས་པའི་བཤད་རྒྱུན་འདི་ཁོ་མོའི་ལུས་སྟེང་ན་ལྷན་སྐྱེས་སུ་མངོན་ཡོད་ཅེས་བཤད་ཆོག་ཆོག་རེད།

    དར་རྩེ་མདོ་ནས་རྒྱ་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་ལ་ཞུགས་ནས་རྒྱ་ཡིག་གི་རྨང་གཞི་བཞག་པའི་དུས་མཚུངས་སུ། ཁོ་མོར་ལྷན་སྐྱེས་སུ་ཡོད་པའི་སྐད་གསང་སྙན་མོ་དེས་མ་འོངས་བགྲོད་ལམ་རིང་མོར་ཁ་ཕྱོགས་གསལ་པོར་བསྟན་ཏེ་རོལ་དབྱངས་ཆེད་སྦྱོང་གི་སློབ་གྲྭ་ཞིག་ལ་ཞུགས་རྒྱུའི་འདུན་པ་འཆངས། སློབ་འབྲིང་མཐར་ཕྱིན་རྗེས་སི་ཁྲོན་རོལ་དབྱངས་སློབ་གླིང་དང་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་ནས་དེང་རབས་རོལ་དབྱངས་སྐོར་ལ་ཆེད་སྦྱོང་བྱས་པའི་གོ་སྐབས་ཐོབ་ནས་ཁོ་མོའི་མི་ཚེ་དེ་གླུ་དབྱངས་དང་འགྲོགས་པའི་གོམ་ཁ་ཐོག་མར་བསྒྱུར་བ་རེད། ཨ་རྣམ་ཟླ་བ་སྒྲོལ་མར་ཕུལ་དུ་བྱུང་བའི་རོལ་དབྱངས་སྒྱུ་རྩལ་དང་སྙན་འཇེབས་ཀྱི་སྐད་གསང་འཛོམས་པས་མ་ཚད། སྐྱེས་གཟུགས་ལེགས་ཤིང་བཞིན་རས་མཛེས་ལ་ལྟ་ན་སྡུག་པའི་མཛངས་མའི་ཡོན་ཏན་གྱིས་བརྒྱན་པས་མཛེས་མའི་ལུང་པ་ན་མཛེས་མ་རེ་ཡོད་མྱོང་ན་མཛེས་མ་འདི་ཚོ་དོན་གྱིས་མཛེས་མ་རེ་ལོས་ཡིན་སྙམ།

    2006ལོར་སློབ་ཆེན་ནས་སློབ་མཐར་མ་ཕྱིན་གོང་འཇར་པན་ཨའེ་ཧུའེ་ཟེར་སྡེར་སྤྱི་གཉེར་ཁང་དང་མིང་རྟགས་བཀོད་ཅིང་། འདི་ནི་ཁམས་ཀྱི་འཇོལ་མོ་ཞིག་སྐད་སྙན་སྒྲོག་བཞིན་གཤོག་པ་བརྐྱངས་ནས་འཇར་པན་དུ་འཕུར་ཏེ་རང་ཉིད་ཀྱི་མི་ཚེའི་གོམ་སྟབས་གླུ་དབྱངས་སྒྱུ་རྩལ་གྱི་ལམ་དུ་ཐོག་མར་སྤོས་འགོ་ཚུགས་པ་རེད། ཡུན་མི་རིང་བར་ཁོ་མོས་ཆེད་བསྒྲིགས་ཟེར་སྡེར་འགྲེམ་སྤེལ་བྱས་པ་འདི་ནི་འཇར་པན་དུ་ཟེར་སྡེར་འགྲེམ་སྤེལ་བྱེད་མཁན་གྱི་བོད་རིགས་བུ་མོ་ཐོག་མར་གྱུར་པ་རེད།

    2007ལོར་ཨ་རྣམ་གྱིས་རྐྱང་གཞས་ཐོག་མ༼ སང་ཉིན་གྱི་བསྟོད་གླུ༽ ཞེས་པ་འཇར་པན་དུ་ལེན་པ་འདི་ནི་ཁོ་མོ་གླུ་གར་སྒྱུ་རྩལ་གྱི་གར་སྟེགས་སུ་གོམ་པ་དང་པོ་དངོས་སུ་སྤོ་འགོ་བརྩམས། དེའི་རྗེས་གླུ་གཞས་དང་ཆེད་བསྒྲིགས་གང་མང་འགྲེམ་སྤེལ་བྱས་མྱོང་ཞིང་། ཧྥ་རན་སི་དང་། ཨོ་སི་ཁྲུ་ལི་ཡ། ཐེ་ལན། ཨེ་ཅིབ།དབྱི་ཐ་ལི། སེང་ཀ་ཕོར། ཡོ་ནན། ཨ་རི་སོགས་རྒྱལ་ཁབ་གང་མང་དུ་བསྐྱོད་དེ་གླུ་གཞས་སྒྱུ་རྩལ་གྱི་འཁྲབ་སྟོན་གྱ་ནོམ་པ་བྱས་པས་བོད་ཀྱི་བུ་མོ་གཟུགས་ཡག་མ་ཞེས་པའི་མཚན་སྙན་བླ་རུ་འཕགས། ཁོ་མོའི་མཚན་སྙན་གྱི་གྲགས་པ་རབ་ཏུ་རྒྱས་པའི་སྟབས་ཀྱིས་མིང་གྲགས་ཅན་གྱི་གློག་བརྙན་གང་མང་གི་བརྗོད་དོན་གླུ་གཞས་ཀྱང་བླངས་མྱོང་ལ། འཛམ་གླིང་མི་རིགས་སོ་སོའི་མང་ཚོགས་ཀྱིས་མོའི་གླུ་གཞས་ལ་དགའ་བསུ་བྱེད་མཁན་ཤིན་ཏུ་མང་པོ་ཡོད་པས་མོའི་སྙན་གྲགས་ཀྱི་བ་དན་རབ་ཏུ་གཡོ་བ་རེད།

    2009ལོར་ཨ་རྣམ་གྱི་གློག་བརྙན《སྙིང་དམག་འཐབ》ཀྱི་བརྗོད་བྱའི་གཞས༼ ཡུན་རིང་དུ་འགྱུར་བའི་ཆུ་བོ༽ ཞེས་པའི་གླུ་དབྱངས་ལེན་ཏེOriconཡི་ཉིན་རེའི་ཚོང་ཚད་ཨང་དང་པོ་དང་གཟའ་འཁོར་རེའི་ཚོང་ཚད་ཨང་གཉིས་པ་བླངས་པར་བརྟེན། ཨ་རྣམ་གྱི་གླུ་དབྱངས་ཆེད་བསྒྲིགས་ཟེར་སྡེར་འཇར་པན་དུ་ཚོང་བྲིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་རེད།

    2010ལོར་ཨ་རྣམ་རང་ཉིད་ཀྱི་ཐོག་མའི་འཁྲབ་ལེན《alan 1st concert - voice of you》བཙུགས་ཤིང་། ཆུང་དུས་ནས་པི་ཝང་སློབ་སྦྱོང་བྱེད་པའི་རྨང་གཞི་ཡག་པོ་ཡོད་པས་ཨ་རྣམ་གྱིས་འཁྲབ་ལེན་ཐད་སྒྱུ་རྩལ་གྱི་འཇོན་རྩལ་མངོན་གསལ་མཚོན་ཐུབ་པ་རེད། ལས་ཡུལ་དངོས་སུ་རྒྱ་ཡིག་གི་གླུ་གཞས《དགའ་བ་ནི་ལག་པ་ཡིན》དང《མཚོ་བོད་མཐོ་སྒང》གཉིས་ལེན་པ་རེད།

ཕྱི་ཕྱོགས་ཀྱི་སློབ་གྲྭར་སློབ་སྦྱོང་བྱས་པ་ནས་བཟུང་ཨ་རྣམ་རང་ཉིད་ཀྱི་ཕ་ཡུལ་དང་ཁ་བྲལ་ནས་ལམ་ཐག་དེ་ལས་ཇེ་རིང་དུ་སོང་བ་རེད། 2012ལོའི་ཟླ་བ9པར་ཨ་རྣམ་ཕ་ཡུལ་གྱིས་གདན་འདྲེན་ཞུ་བ་ལྟར་དར་མདོའི་མཛའ་གཞས་དུས་ཆེན་ནང་ཞུགས་པར་མ་ཟད། ཕ་ཡུལ་གྱི་མི་སེར་ཚོ་ལ་གླུ་གཞས《རེ་འབོད》དང《དར་མདོ་མཛའ་གཞས་ཀྱི་ལས་དབང》ཞེས་པ་གཉིས་གྲེ་འགྱུར་ངག་གི་དབྱངས་རྟ་ནས་སྙན་མོ་ངག་གི་དབྱངས་ལ་དྲངས་ཚེ་གར་སྟེགས་འོག་གི་མི་ཚང་མས་དཀར་མཛེས་ཁུལ་ལ་འདི་འདྲའི་ཕུལ་བྱུང་ཅན་གྱི་གླུ་མ་ཞིག་ཡོད་པར་སྤོབས་པ་བསྐྱེད་པ་རེད།

    ཁོ་མོས་ཕ་ཡུལ་ནི་ང་རང་སེམས་ནང་ཆེས་དྲོད་སྐྱིད་ལྡན་པའི་ས་ཆ་དེ་ཡིན་པས། ང་རང་ཕ་ཡུལ་དང་ཁ་བྲལ་ནས་ཕྱི་ཕྱོགས་འཇར་པན་སོགས་ཀྱི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་དུ་སོང་བ་ཡིན་མོད། ད་ལྟ་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་གྱི་མི་སེར་ཚོ་ལ་གླུ་རེ་ལེན་རྒྱུའི་གོ་སྐབས་ཐོབ་པ་འདི་ནི་རང་ཉིད་ཀྱི་སེམས་པ་ཧ་ཅང་དགའ་པོ་འདུག་ཅེས་བཤད།

    ཁོ་མོ་ཕ་ཡུལ་དང་ཁ་བྲལ་ནས་འཇར་པན་དུ་སོང་རྗེས། ལས་ཀ་དང་འཚོ་བའི་ཐོག་ལ་དཀའ་ངལ་ཧ་ཅང་མང་པོ་འཕྲད་པ་དང་། སྐད་ཀྱི་བརྡ་ཡང་མི་འཕྲོད་པས་ཕྱི་རྒྱལ་གྱི་སྐད་སློབ་སྦྱོང་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་རིག་གནས་ཁྱད་པར་མང་པོ་ཡོད་པས་ཁོ་མོ་ཡང་དུས་ཚོད་འབོར་ཆེན་བཏང་ནས་ལུས་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པར་ཕྱི་ཕྱོགས་ཀྱི་སྐད་རིགས་ལ་སློབ་སྦྱོང་བྱས་པས་སྐད་རིགས་དེ་དག་ལ་ཡང་གང་ལ་གང་འཚམས་ཀྱིས་ཤེས་རྟོགས་བྱུང་བར་མ་ཟད། འཇར་པན་དུ་ལོ་བཞིའི་རིང་ལ་འབད་འབུངས་བྱས་པར་བརྒྱུད་ཁོ་མོ་ཡང་ཕྱི་ཡི་རྒྱལ་ཁབ་ཁག་གི་རིག་གནས་ལ་ཡང་རྒྱུས་ལོན་ཅུང་ཙམ་བྱུང་བ་རེད། ཕ་ཡུལ་ནི་ཁོ་མོའི་བརྩེ་དུང་འཆང་ས་ཡིན་པར་མ་ཟད་རོལ་མོ་བློ་རིག་གི་འབྱུང་ཁུངས་ཡང་ཡིན། ཨ་རྣམ་གྱིས་རོལ་དབྱངས་ཆེད་སྦྱོང་བྱས་རྗེས་མི་རིགས་རོལ་དབྱངས་དང་དེང་རབས་དར་སྲོལ་གྱི་རོལ་དབྱངས་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་ནའང་ཁོ་མོས་བརྩོན་པའི་འདུན་པ་མ་ལྷོད་པར་གནའ་དེང་ཟུང་འབྲེལ་གྱིས་སྦྱོང་བར་བརྟེན། མི་རིགས་རོལ་དབྱངས་ལ་རྨང་གཞི་ངེས་ཅན་ཡོད་པས་དེང་རབས་དར་སྲོལ་གྱི་རོལ་དབྱངས་སྦྱོང་བ་ལའང་དཀའ་ངལ་ཆེན་མོ་མ་འཕྲད་པར་སྦྱངས་འབྲས་གཡུར་དུ་སྨིན་པ་རེད།

    རང་ཉིད་ཀྱིས་གླུ་གཞས་མང་པོ་ཚོད་ལྟའི་ཞོར་ནས་གསར་རྩོམ་བྱས་ཤིང༼ སང་ཉིན་གྱི་བསྟོད་གླུ ༽ དང༼ རེ་འབོད༽ སོགས་ལྟ་བུའི་དར་ཁྱབ་ཆེ་བའི་གླུ་གཞས་ནང་དུ་མི་རིགས་ཀྱི་ཁྱད་ཆོས་གང་མང་མཚོན་ཐུབ་པའི་གླུ་དབྱངས་ཀྱི་བརྩམས་ཆོས་ལེགས་འགྲུབ་བྱུང་ནས་མི་རིགས་ཀྱི་རོལ་དབྱངས་གསར་གཏོད་དང་འཕེལ་རྒྱས་བཏང་བ་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།

    ཁོ་མོས་ངའི་ཕ་ཡུལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་རིང་གི་ལོ་རྒྱུས་རིག་གནས་ལྡན་པ་དང་སྐྱེས་བུ་དམ་པ་མང་པོ་འཁྲུངས་ཡུལ་དང་ཞབས་སེན་བཀོད་མྱོང་སའི་གནས་མཆོག་ཅིག་ཡིན་ལ། མི་སོ་སོས་རང་ཉིད་ཀྱི་ཕ་ཡུལ་ལ་དགའ་ཞེན་ཆེན་པོ་ཡོད་པ་འདྲ་བས། ངས་གར་སྟེགས་གང་མང་ནས་ཕ་ཡུལ་གྱི་ཡུལ་སྲོལ་དང་མི་ཆོས་ལ་བསྟོད་པ་བྱས་མྱོང་ཡོད་ལ། འདི་ནི་སྤྱིར་ཕྱི་རོལ་གྱི་མི་མང་པོ་ཞིག་གིས་ང་རང་གི་ཕ་ཡུལ་དེ་ཤེས་སུ་འཇུག་རྒྱུ་དེ་ཡིན་ལ། སྒོས་སུ་ང་རང་ཕ་ཡུལ་དང་ཕ་སྐད་ལ་དུངས་བ་ཆེ་བས་ཡིན་ཞེས་བརྗོད།།


  • ལེ་ཚན་སྔོན་མ།:གཞས་ཀྱི་ཆོལ་ཁ་ནས་ཐོན་པའི་དྲི་ཟའི་གླུའི་རྒྱལ་སྲས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།