གཞས་ཀྱི་ཆོལ་ཁ་ནས་ཐོན་པའི་དྲི་ཟའི་གླུའི་རྒྱལ་སྲས།

ཡེ་ཤེས་ཀྱིས།        2018-06-01

  

གཞས་ཀྱི་ཆོལ་ཁ་ནས་ཐོན་པའི་དྲི་ཟའི་གླུའི་རྒྱལ་སྲས།

  ཨ་ཁུ་དུང་བརྩེ། མིང་གཞན་ཞབས་ལུང་བསྟན་འཛིན་འཇམ་དབྱངས་སམ་ཁྲེན་ཡུང་ཟེར། སི་ཁྲོན་འབའ་ཐང་རྫོང་གི་མི་ཡིན་ཞིང་། གཞས་གདངས་རྩོམ་མཁན་དང་། གླུ་དབྱངས་བཟོ་མཁན། རིག་རྩལ་གྱི་ཇུས་འགོད་པ་བཅས་ཡིན་ལ། སི་ཁྲོན་ཞིང་ཆེན་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི་དང་རོལ་དབྱངས་སྒྱུ་རྩལ་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་མི་ཡིན།  ཁོང་གིས་སྔ་ཕྱིར《བཀྲ་ཤིས་ཉི་མའི་ལུང་པ》སོགས་གླུ་དབྱངས་བརྩམས་ཆོས100ལྷག་དང་། 《དྲིན་ཕ་མ》སོགས་དམངས་གཞས་བརྩམས་ཆོས300 ལྷག་བརྩམས་ཡོད། 《མཛེས་པའི་པི་ཝང་གི་ཕ་ས།》དང་《ཁམས་ལྷོ་བུ་མོ།》སོགས་རོལ་དབྱངས་ཆེད་བསྒྲིགས40ལྷག་བཟོས། གླུ་གར་དགོངས་ཚོགས་ཆེ་གྲས《འབའ་བའི་རང་སྒྲ》སོགས་ཇུས་འགོད་འཁྲབ་ཁྲིད་བྱས། 1994ལོ་ནས་བཟུང་མ་བསྐུལ་དང་བླངས་ཀྱིས་མི་རིགས་དམངས་ཁྲོད་རོལ་དབྱངས་བསྡུ་གསོག་བྱ་འགོ་ཚུགས་ཏེ་ད་ལྟའི་བར་བོད་ཀྱི་དམངས་གླུ་སོགས3000ལྷག་བསྡུས་པར་མ་ཟད་དན་གྲངས་འཕྲིན་མཛོད་ཀྱང་བཟོས་ཡོད། 

གཞས་ཀྱི་ཁོར་ཡུག་ཁྲོད་དུ་འཚར་ལོངས་བྱུང་། མི་རིགས་རིག་གནས་དར་སྤེལ་ཁུར་ཆེན་བཞེས།

   སྤྱི་ལོ1985ལོར་ཨ་ཁུ་དུང་བརྩེ་འབའ་ཐང་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ་སྡེ་རོང་རྫོང་གི་འབྲུ་ཆུ་འགྲམ་གྱི་སློབ་ཆུང་ཞིག་གི་དགེ་རྒན་གྱི་འགན་བཞེས། མ་གཞི་ནས་འབའ་གཞས་དང་པི་ཝང་དར་སའི་ཁོར་ཡུག་ཁྲོད་དུ་འཚར་ལོངས་བྱུང་ཞིང་གཞས་གདངས་ལ་གོམས་འདྲིས་ཆེ་བའི་ཁར། ཁོང་གིས་ནམ་རྒྱུན་ཁོམ་པ་ཡོད་དུས་རོལ་དབྱངས་འཕྲིན་ལམ་ནས་ཞང་ཀང་དང་ཐའེ་ཝན་གྱི་དར་ཁྱབ་ཆེ་བའི་གླུ་དབྱངས་ལ་ཉོན་ཞོར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས་རོལ་དབྱངས་ཀྱི་རྨང་གཞི་བཟང་པོར་བཏིང་། ཨ་ཁུ་དུང་བརྩེའི་རོལ་དབྱངས་ལ་དང་དོད་དང་ཧུར་སེམས་ཆེ་བའི་བྱ་སྤྱོད་དེས་གོང་རིམ་འགོ་ཁྲིད་ཀྱི་ཡིད་དབང་ཀུན་ནས་འཕྲོག་པས་ཁོང་གི་ནུས་པར་ཡིད་ཆེས་དང་ཁས་ལེན་གནང་ཐོག་ཁོང་རྫོང་རིག་གནས་ཁང་དུ་ལས་གནས་སྤོས། རིག་གནས་ཁང་དུ་ལས་ཀ་བྱེད་པའི་དུས་རིམ་དུ་ཐེངས་ཤིག་ལ་དར་མདོ་རུ་གཞུང་དོན་སྒྲུབ་སར་འགྲོ་བའི་སྐབས་དང་བསྟུན་ནས་རང་ཁུལ་གྱི་གླུ་དབྱངས་ཆེད་ལས་པ་དགེ་རྒན་ཆོས་རྒྱ་མཚོ་དང་ཐུག་པར་མ་ཟད་རོལ་དབྱངས་ཀྱི་ཆེད་ལས་རིག་གནས་སྐོར་མཛུབ་སྟོན་ཐོབ་པ་རེད། 2000ལོར་ཨ་ཁུ་དུང་བརྩེ་སི་ཁྲོན་རོལ་དབྱངས་སློབ་གླིང་དུ་གཞས་གདངས་བསླབ་པའི་སྐལ་བ་ཐོབ་པའི་ཁར་བསོད་ནམས་ཆེ་བས་སི་ཁྲོན་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲང་དབྱིན་ཀྲུང་གི་སློབ་མར་གྱུར། དེ་ནས་ཁོང་གིས་རྨང་གཞི་ནས་སྦྱོང་འགོ་བཙུགས་ཏེ་རོལ་དབྱངས་ཀྱི་རྟ་ཕོར་གུས་རྟག་གཉིས་ཀྱི་བརྩོན་འགྲུས་གཤོག་ཟུང་བཏགས་པས་ལོ་གསུམ་རིང་ལ་སྦྱང་དགོས་པའི་སློབ་ཚན་ཐམས་ཅད་དུས་ཐུང་ལོ་གཅིག་ལྷག་ཙམ་གྱི་ནང་དུ་སྦྱངས་ཚར་བར་བྱས་པར་བརྟེན་དགེ་རྒན་ཁྲང་དབྱིན་ཀྲུང་གིས་ཧ་ཅང་གཙིགས་ཆེན་གནང་ཞིང་རྗེས་སུ་འཛིན། སློབ་མཐར་ཕྱིན་རྗེས་ཨ་ཁུ་དུང་བརྩེས་རོལ་དབྱངས་དེ་དགའ་ཕྱོགས་ཁོ་ན་ཙམ་ལུས་པར་བློ་ཡིད་མི་ཚིམས་ཤིང་ཚེ་གང་གི་བྱ་གཞག་ཏུ་བརྩིས་ནས་འབད་བརྩོན་བྱས་པ་རེད། དེ་ནས་ཁོང་གིས་ཐོག་མ་ལས་དོན་ཁང་བཙུགས་པ་དང་རོལ་དབྱངས་རུ་ཁག་སྒྲིག་འཛུགས་བྱེད་ཅིང་རིག་གནས་སྤྱི་གཉེར་ཁང་བཙུགས་པ་རེད། ཁོང་ལ་མཚོན་ན། མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་བྱ་རྒྱུ་དེ་གཡོལ་ཐབས་མེད་པའི་འགན་འཁྲི་རུ་གྱུར། མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་ཇེ་ལེགས་གཏང་བའི་ཆེད། མཁའ་ལྡིང་ཁྱུང་ཆེན་ཁོང་ལུང་ཁུག་ནས་འཕུར་ཏེ་རྒྱ་ནག་ཁྲེང་ཏུའུ་ཡི་མཁའ་དབྱིངས་སུ་གཞིས་ཆགས། དེ་ལོར་ཁོང་ལོ35ལ་སོན་ཡོད།

བརྩམས་ཆོས་གསེར་རིའི་ཕྲེང་བའི་བཞིན་མདངས་ངོམས། བོད་ཀྱི་རོལ་དབྱངས་འཛམ་བུ་གླིང་ལ་བསྒྲགས།

  དེ་ཡང་སྙིང་རུས་ཅན་ལ་བདེན་འབྲས་སྨིན་པར་སླ་ཞེས་པའི་དཔེ་ལྟར།  ཨ་ཁུ་དུང་བརྩེས་བོད་རིགས་ས་ཁུལ་ཡོངས་སུ་ཁྱབ་པའི《བཀྲ་ཤིས་པའི་ཉི་མ་ལུང་པ》ཞེས་པའི་རོལ་དབྱངས་ཆེད་བསྒྲིགས་གསར་དུ་བརྩམས་པར་བརྟེན་ནས་ཁོང་གི་གླུ་དབྱངས་བྱ་གཞག་ལེགས་ཕྱོགས་སུ་འཕེལ་བར་གྱུར། སི་ཁྲོན་གླུ་དབྱངས་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་སྐབས་ཨ་ཁུ་དུང་བརྩེས་སྡེ་རོང་རྫོང་གངས་སྤྱང་ཚན་སྡེབ་དང་ཉི་མ་ལུང་པའི་སྒྱུ་རྩལ་ཚོགས་པ་བཙུགས་ཡོད།  དེ་ནས《ཕ་མ་རིགས་བཟང་བུ་སྲིང་》དང་།《རྩྭ་ཐང་སྟེང་གི་ཅང་ཤེས》《མི་ཡུལ་གྱི་མཛའ་གྲོགས》《གནས་ཚང་ཨ་མ》སོགས་དམངས་གླུ་བརྩམས་ཆོས་བརྒྱ་ལྷག་གསར་རྩོམ་བྱས་ཤིང་།《བསོད་ནམས་དབྱངས་དང་ལྡན་པའི་པི་ཝང་》དང་《དྲིན་ཕ་མ》《རྡོག་བྲོ་ཡག་མོ》《ལ་མོ་རྒྱབ་ཕྱོགས》སོགས་དམངས་གཞས་བརྩམས་ཆོས300ལྷག་བཅོས་སྒྲིག་བྱས།《བཀྲ་ཤིས་ཉི་མའི་ལུང་པ》དང་།《མཛེས་པའི་པི་ཝང་ཕ་ས》《ཁམས་ལྷོ་བུ་མོ》《ཟླ་འོད་ཁྲོད་ཀྱི་པི་ཝང་སྟེ་འབའ་ཐང་གཞས་ཀྱི་ཆེད་བསྒྲིགས》《བསོད་ནམས་དབྱངས་དང་ལྡན་པའི་བཀྲ་ཤིས་ཉི་མ་ལུང་པ》《རྨི་ལམ་ཁྲོད་ཀྱི་སེམས་ཀྱི་ཉི་ཟླ་སྟེ་ཕ་ཡུལ་གྱི་རང་སྒྲ》《རྡོག་བྲོ་རྒྱག་ཤོག》སོགས་དམངས་གླུའི་ཆེད་བསྒྲིགས40ལྷག་དཔེ་སྐྲུན་བྱས་པར་བརྒྱུད་བརྩམས་ཆོས་གསེར་རིའི་ཕྲེང་བས་བོད་ཀྱི་རོལ་དབྱངས་འཛམ་བུ་གླིང་ལ་བསྒྲགས་པ་རེད། ཁོང་གིས་ད་དུང་གླུ་གར་དགོངས་ཚོགས་ཆེ་གྲས《འབའ་བའི་རང་སྒྲ》དང《སྟོན་ཟླའི་གཞས་གདངས》 མི་རིགས་གླུ་གར་སྙན་ངག་དང་རི་མོའི་ཟློས་གར་ཆེ་གྲས《ཉི་མའི་ལུང་པ》སོགས་ཇུས་འགོད་འཁྲབ་ཁྲིད་བྱས། 1994ལོ་ནས་བཟུང་མ་བསྐུལ་དང་བླངས་ཀྱིས་མ་རིགས་ཀྱི་དམངས་ཁྲོད་རོལ་དབྱངས་བསྡུ་གསོག་བྱ་འགོ་ཚུགས་ཏེ་ད་ལྟའི་བར་བོད་ཀྱི་དམངས་གླུ་སོགས3000ལྷག་བསྡུས་པར་མ་ཟད་དན་གྲངས་འཕྲིན་མཛོད་ཀྱང་བཟོས་ཡོད། 

   2012ལོར་དཀར་མཛེས་ཁུལ་གྱི་སྤྱོད་རྩལ་གཉིས་འཛོམས་ཀྱི་ཤེས་ལྡན་མི་སྣའི་བྱ་དགའ་ཐོབ། 2015ལོར་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་འགྲེམས་སྟོན་ཐོག《ཞབས་བྲོ་དགུ་རྒྱག》དང་《མཛས་གཞས》《སྒྲ་སྙན་གཞས》བཅས་ཞབས་བྲོ་གསར་རྩོམ་བྱས་པར་མ་ཟད་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱལ་སྤྱིའི་གསེར་གྱི་རྟགས་མ་ཐོབ་ཡོད། 2015ལོར་སྡེ་རོང་རྫོང་གི་མང་ཚོགས་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་རིག་རྩལ་དགོང་ཚོགས་ཐོག་གླུ་གར་ཟློས་གར་ཆེ་གྲས《ཉི་མ་ལུང་པ》ཞེས་པ་འཁྲབ་ཁྲིད་གྲུབ་ནས་ཁམས་པའི་བརྙན་འཕྲིན་ནས་བཏང་ཡོད། ཁམས་པའི་བརྙན་འཕྲིན་ཁང་གི2016ལོའི《གནས་མཆོག་དཀར་མཛེས》ཞེས་པའི་གཙོ་དོན་ལོ་སར་དགོང་ཚོགས་ཀྱི་གཙོ་དོན་རོལ་དབྱངས་དང་གླུ་དབྱངས་མཉམ་ལེན། མཛའ་གཞས་མཉམ་ལེན། བཀྲ་ཤིས་པའི་ཆང་གཞས་བཅས་གསར་རྩོམ་བྱས་ཡོད། 2016ལོའི་ཟླ9པར་སེམས་ཀྱི་ཉི་ཟླ་བོད་ཀྱི་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པར་བྱིས་གླུ་མཉམ་ལེན་རོལ་དབྱངས་སྟེ《གུ་རུ་མཚན་སྔགས》དང་《ཕ་མ་རིགས་བཟང་གི་བུ་སྲིང་》།《གྲོགས་པོ》བཅས་གསར་རྩོམ་བྱས་ཤིང་པེ་ཅིན་སྤྱི་མཉམ་ལེན་དུས་ཆེན་གྱི་འགྲན་བསྡུར་སྐབས་བཅུ་གཉིས་པར་ཞུགས་ནས་རྒྱལ་སྤྱིའི་རིམ་པ་གཉིས་པའི་མཉམ་ལེན་ཚོགས་པའི་མཚན་སྙན་ཐོབ། 2016ལོའི་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཚོགས་རའི་གཙོ་བོའི་འགོ་ཚུགས་མཛད་སྒོའི་གླུ་དབྱངས་དང་འདབ་པའི་ཡན་ལག་ཚོགས་རའི་གླུ་དབྱངས་གསར་རྩོམ་དང་སྒྲིག་བཟོ་བྱས་ཡོད་པ་རེད།  

མི་རིགས་རིག་གནས་ཁྱད་ཆོས་རབ་ཏུ་ཕྱུག ཁམས་པའི་རོལ་དབྱངས་ཟོང་རྟགས་གྲགས་ཅན་བསྐྲུན།  

   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཏང་ཀྲུང་དབྱང་གིས་རིག་གནས་འཕེལ་རྒྱས་ཆེན་མོ་དང་དར་རྒྱས་ཆེན་པོ་ལ་མཐོང་ཆེན་ཆེན་པོ་བྱས་པར་བརྒྱུད། རང་ཁུལ་གྱིས་ཀྱང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བར་བརྩོན་སྐུལ་སྲིད་ཇུས་རབ་རིམ་བཏོན་ཡོད། ཁེ་ཕན་མང་པོ་ཐོབ་ཐུབ་པའི་སྲིད་ཇུས་བཟང་པོས་ཨ་ཁུ་དུང་བརྩེ་ཡི་ལས་གཏོད་ཀྱི་སྤྲོ་སེམས་ཀུན་ནས་བསླངས་པ་རེད། ཁོང་གིས་སི་ཁྲོན་ཐུ་བྷོད་སྒྲ་དབྱངས་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཙུགས་ཏེ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྒྱུ་རྩལ་ཇུས་འགོད་དང་། གཞས་གདངས་དང་གཞས་ཚིག་གསར་རྩོམ་དང་སྒྲིག་བཟོ། གླུ་བ་གླུ་མ་སྒྲོག་སྤེལ། རོལ་དབྱངས་ཐོན་ལས་ཀྱི་ལས་གཞིར་སྐུལ་སྤེལ། རིག་རྩལ་གསོ་སྦྱོང་། དམངས་ཁྲོད་གླུ་དབྱངས་ཀྱི་ཟིན་ཐོ་འགོད་པ་དང་རྒྱུན་འཛིན། སྲོལ་རྒྱུན་རོལ་དབྱངས་སྲུང་སྐྱོབ་དང་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད་དོ།།    

   ཨ་ཁུ་དུང་བརྩེ་ཡིས་རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་བ་དང་བསྟུན་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་མཉམ་གཏོང་བྱ་རྒྱུ་ནི་ལྡོག་མེད་ཀྱི་འགྲོ་ཕྱོགས་ཡིན་པར་འདོད་ཅིང་།  ཁོང་གིས་རང་ཁུལ་གྱིས་གླུ་དབྱངས་ཤེས་ལྡན་མི་སྣའི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ་ཁམས་པའི་བཟོ་སྐྲུན་གྱི་ཟོང་རྟགས་རོལ་དབྱངས་ཐོན་ལས་རྟེན་གཞི་བསྐྲུན་པར་བརྒྱུད། གསར་རྩོམ་དང་། སྒྲིག་བཟོ།  ཐུམ་སྒྲིལ་པར་འདེབས། འཁྲབ་རྩལ། ཁྱབ་སྤེལ། དྲྭ་ཐོག་ཉོ་ཚོང་། དངོས་གཉེར་ཉོ་ཚོང་སོགས་ཀྱི་གོ་རིམ་ཐམས་ཅད་རྟེན་གཞི་གཅིག་གི་ནང་དུ་ཕྱོགས་བསྡུས་བྱས་ཏེ། ཟིན་ཐོར་དང་བརྒྱུད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྙིད་འབུད་གསར་འདོན་གྱིས་ཁམས་པའི་བཟོ་སྐྲུན་དང་ཨང་ཀའི་དུས་རབས་གོམ་སྟབས་མཉམ་སྤོ་ཐུབ་པར་བྱ་དགོས། གླུ་དབྱངས་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་བརྒྱབ་སྟེ་དཀར་མཛེས་ཁུལ་ཁམས་པའི་རོལ་དབྱངས་གྱི་གནས་མཆོག་དང་རོལ་དབྱངས་ཀྱི་རིག་མཛོད་དུ་བསྐྲུན་དགོས་ཞེས་རེ་བ་སྙིང་ནས་ཞུས་སོ།།


  • ལེ་ཚན་སྔོན་མ།:ཚ་རོང་གླུ་ཡི་སྲས་མོ། རྒྱལ་མོ་ཚ་བ་རོང་པའི་གླུ་མ་བསྟན་པ་དབང་མོའི་གནས་ཚུལ་ཆེད་བཀོད།
  • ལེ་ཚན་རྗེས་མ།:མཛའ་གཞས་དབྱངས་ཀྱི་བདག་མོ་ཨ་རྣམ་ཟླ་བ་སྒྲོལ་མ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10