བཤད་ན་ཚར་རྒྱུ་མེད་པའི་སྒྲུང་བ་ངག་རིག་གླེང་བ།

རིན་ཆེན་འཚོ    ཀྲུང་གོའི་བོད་ཀྱི་དྲ་བ།    2011-04-07

དུར་བུད་ངག་རིག་ནི་ཆུང་དུས་ནས་བཟུང་གླིང་གེ་སར་རྒྱལ་བློན་རྣམས་ཀྱི་རྟོགས་པ་བརྗོད་པའི་ངག་ལ་རང་དབང་ཐོབ་པའི་སྒྲུང་བ་གྲགས་ཆེན་ཞིག་ཡིན །ཁོས་རང་ལོ་ན་བརྒྱད་ཀྱི་ཐོག་ནས་བཟུང་གླིང་སྒྲུང་བཤད་འགོ་ཚུགས་ཤིང་། བླ་མ་དང་མི་ཆེན་འགའ་ཡིས་ཀྱང་ལོ་ན་ཕྲ་བའི་བྱིས་པ་འདིས་གླིང་སྒྲུང་འདི་ལྟར་སྨྲ་ཐུབ་པ་ནི་རྒྱུ་མཚན་རང་ག་བ་ཞིག་མིན་པར་ཡིད་ཆེས་གནང་བའི་རྣམ་པ་མཚོན་པར་བྱས་མྱོང་། ངག་རིག་ཁོང་གིས་དེའི་སྐབས་གླིང་གེ་སར་རྒྱལ་བློན་རྣམས་དང་ལྷན་ཅིག་འགྲོ་འདུག་བྱེད་པ་སོགས་རྨི་ལམ་དུ་ཡང་ཡང་ཤར་བའི་རྒྱུ་རྐྱེན་ལ་བརྟེན་ནས་སྒྲུང་མཁན་ཁྱད་པར་ཅན་ཞིག་ཏུ་གྱུར་པ་རེད། རྒྱུ་མཚན་གཙོ་བོ་ནི་རྨི་ལམ་གྱི་སྣང་བས་བག་ཆགས་སླར་གསོ་བྱས་པ་ཡིན་ཕྱིར་རྒན་རབས་དང་ཕ་མའི་ངག་རྒྱུན་ལ་ལྟོས་པ་ཙམ་མིན་ཞིང་། རང་གི་སེམས་ཁམས་ཀྱི་ཁྱད་པར་བའི་འགྱུ་འཕྲོའི་རྣམ་འགྱུར་མངོན་པ་ཞིག་ཡིན་པ་བྱིས་པ་ཕལ་བ་རྣམས་ཀྱི་ཚུལ་ལ་བལྟས་ན་ཤེས། སྤྱིར་ཕ་གང་ལ་མཁས་ན་བུ་དེ་ལ་མཁས་པའི་སྣང་ཚུལ་ཞིག་སྤྱི་ཚོགས་ཀྱི་ཁྲོད་ལ་ཡོད་པར་མཐོང་ཡང་ངག་རིག་ལོ་བཅུ་གཅིག་ཡས་མས་ནས་ཡབ་གཤེགས་སོང་བ་རེད། གལ་ཏེ་རང་ཉིད་ཀྱི་སེམས་ཁམས་སུ་གབ་པའི་བག་ཆགས་སད་སྟོབས་ཁྱད་པར་བྱིས་པ་ཞིག་གི་ངོས་ནས་བཤད་ན་མ་མཐའ་ཡང་སྐྱེ་བ་འདི་ལ་སྦྱངས་བརྩོན་བྱས་པ་ཁོ་ན་མིན་པས། བག་ཆགས་སྔ་མའི་རྟེན་གྱི་གནས་ཚུལ་ཞིག་བསྐྱར་གླེང་བྱས་པ་སྨྲོས་ཅི་དགོས་སྙམ་པ་ལྟ་བུ་མ་ཡིན་ནམ། ངག་རིག་ཀྱང་སྤྱི་ཚོགས་དེའི་སྐབས་ཀྱི་བྱིས་པ་གཞན་དག་ལྟར་རིག་གནས་སྦྱང་བའི་སློབ་གྲྭ་ལ་ཕྱིན་པའི་གོ་སྐབས་མ་བྱུར་ཕྱིར་ཡི་གེ་ཀློག་པར་ཧ་ཅང་བྱང་ཆུབ་པ་ཞིག་མིན་ཟེར། སྒྲུང་སྣ་དེ་འདྲ་མང་པོ་ཞིག་གཞན་གྱི་ངག་རྒྱུན་ལས་ཐོས་པས་ཡིད་ལ་འཛིན་ཐུབ་རྒྱུའང་མ་སྲིད་པ་ཙམ་དང་། སྒྲུང་ཡིག་དེ་འདྲའི་སྣ་མང་རེ་ངག་ཐོག་ནས་འཆད་ཐུབ་པ་འདིས་རང་གི་བློ་སྟོབས་དེ་གེ་སར་གྱི་རྟེན་འབྲེལ་བ་མངོན་པར་མཚོན་ཡོད། མཁས་པ་དུང་དཀར་བས་གླིང་སྒྲུང་སྨྲ་མཁན་ཁྱད་པར་ཅན་རྣམས་མི་བརྗེད་པའི་གཟུངས་ཀྱི་སྟེང་ནས་འགྲེལ་བཤད་བྱས་ན་དངོས་ཡོད་གནས་ཚུལ་དང་མཐུན་འདུག་གསུངས། འདི་འདྲའི་གནས་ཚུལ་རྣམས་དེ་འདྲའི་ཟབ་རྒྱས་ཀྱི་གནས་སུ་ཕྱིན་ཡོད་ཚོད་ཀྱང་ཟེར་དཀའ་བས་ཕྱིར་ཅུང་ཟད་མཐོ་བསྟོད་བྱས་པ་ལྟ་བུར་སྣང་ཡང་རྒྱུ་མཚན་ཅུང་ཟད་མེད་ན་མཁས་པས་དེ་ལྟར་ག་ལ་གསུངས། གཞན་ཡང་ངག་རིག་བྱིས་པ་ལོ་བརྒྱད་པ་ཞིག་གི་སྐབས་ནས་གླིང་སྒྲུང་གི་མི་སྣ་སྟོང་ཕྲག་དུ་མ་དང་། མིང་ཚིག་རྒྱན་ཚིག་ཁྲི་ཕྲག་མང་པོ་རྣམས་གདགས་གཞི་དང་བཏགས་ཆོས་སུ་མ་འཛོལ་བར་སྦྱར་ཞིང་། ད་དུང་བཅད་ལྷུག་གི་རྣམ་པ་དང་ཁྱད་ཆོས་བཅས་ཤར་མར་སྨྲ་ཐུབ་པ་དེ་སྔ་མའི་བག་ཆགས་ཀྱི་ཉམས་འགྱུར་ཞིག་མིན་ན་བྱིས་པ་ཕལ་བ་མང་ཕྱོགས་ཀྱི་ཆ་ནས་གསལ་བཤད་བྱེད་རྒྱུ་དཀའ་མོ་འདུག དེ་མིན་དབྱངས་ཀྱི་རྟའམ་དབྱངས་ཀྱི་འགྱུར་ཁུགས་ནི་རྩོམ་དཀའ་ཞིང་། བཟོ་སླ་བོ་ཞིག་མིན་ཕྱིར་ཆེད་ལས་མཐོན་པོ་ཞིག་རེད། ངག་རིག་ཁོང་ནི་ཆུང་དུས་ནས་གླིང་སྒྲུང་གི་དབྱངས་རྟ་མང་པོ་མ་སྦྱང་རང་ཤེས་སུ་ཡོད་ཅིང་དག་གི་གདངས་ལ་སྙན་འཇེབས་ཀྱི་རོ་དང་ལྡན་པ་ཞིག་ཀྱང་ལགས། དེ་ཡང་རྒྱ་ཚའི་དཀར་མོ་དྲུག་འགྱུར་དང་འདན་མའི་ཐ་ལ་དྲུག་འགྱུར་ཐོགས་པ་རྣམས་དང་། གཞན་པའི་གླུ་རྟ་དུ་མ་བཅས་དེ་སྐབས་འདི་ཕྱོགས་སུ་སྤྱིར་ཁ་གསལ་ཞིག་མེད་ཕྱིར་ད་ལྟ་ངག་རིག་གི་སྒྲུང་རྟ་ཞེས་གྲགས་ཡོད། མཚོ་སྔོན་དང་ཀན་སུའུ་ཕྱོགས་སུ་སྐལ་བཟང་གྲགས་པའི་གླུ་རྟ་རྣམས་ཁྱབ་ཅུང་ཆེ་ཞིང་། མགོ་ལོག་དང་གསེར་རྟའི་ཕྱོགས་སུ་ངག་རིག་གི་གླུ་རྟ་རྣམས་བེད་སྤྱོད་པ་ཅུང་མང་བར་སྣང་། ང་རང་སྒེར་གྱི་ངོས་ནས་དཔྱད་ན་སྒྲུང་གཏམ་སྣ་ཚོགས་ཡི་གེར་འབྲི་རྩོམ་བྱེད་རྒྱུ་ལས་ལོ་རྒྱུས་ཤིག་ཤར་མར་ངག་ཐོག་ནས་བཤད་ཅིང་དེ་ཉིད་བརྒྱུད་རིམ་དང་ལྡན་པ་ཚིག་བཅད་ལྷུག་གི་རྣམ་པ་སྤུས་ལེགས་སུ་ཡོད་པ་དེ་དཀའ་ལས་ཆེ། གནད་དོན་དེ་མི་མང་ཕྱོགས་ལའང་མཚུངས་བར་སྙམ། ཁྱད་ཆོས་དང་ཆོས་ཉིད་འདི་དག་གི་ངོས་ནས་སྒྲུང་བ་ངག་རིག་གི་རང་བཞིན་དེ་ཚད་མཐོའི་གེ་སར་སྨྲ་བ་རྣམས་དང་མཉམ་ཞིང་ངོ་བོ་ནི་ཉམས་དང་རྟེན་འབྲེལ་གྱི་རྣམ་འགྱུར་ཞིག་ཏུ་ལྷུན་གྱིས་གྲུབ་པ་ལགས་སོ།།  
  • ལེ་ཚན་སྔོན་མ།:བཤད་མི་ཚར་བའི་གེ་སར་སྒྲུང་བ་བུ་ཐོས་དགའ་ཡི་གནས་ཚུལ་མདོར་བསྡུས།
  • ལེ་ཚན་རྗེས་མ།:སྒྲུང་པ་གྲགས་ཅན་གུ་རུ་རྒྱལ་མཚན།