རྨ་ཆུའི་མགོ་ཁུངས་ཀྱི་མཛེས་ཉམས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-03-29

རྨ་ཆུའི་མགོ་ཁུངས་ཀྱི་མཛེས་ཉམས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བསམ་བློ་བཅིངས་འགྲོལ་གྱི་གྲོས་བསྡུར་ཆེན་པོའི་གནས་ཚུལ་རགས་ཙམ།

         ལོ་ངོ་མང་པོ་ཞིག་གི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་མཚམས་སྦྱོར་བྱེད་པའི་སྐོར་ཞིག་ཡིན་ཚེ། ཅིས་ཀྱང་དེའི་རྒྱབ་ལྗོངས་ངོ་སྤྲོད་བྱེད་པའི་ཁྲོད་དུ“ཡུལ་བབ་མཐོ་ཞིང་དབྱང་དབུགས་དཀོན་པ་དང་། རང་བྱུང་གི་ཆ་རྐྱེན་གདུག་རྩུབ་ཆེ་ལ།  དཔལ་འབྱོར་གྱི་འཕེལ་རྒྱས་རྗེས་ལུས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ”ཞེས་མ་བྲིས་ན་མི་ཆོག་པའི་སྲོལ་དུ་ཆགས་ཡོད་ལ། ཡང་ཚིག་དེའི་རྗེས་མཐུད་ནས“མགོ་ལོག་གི་ཆ་རྐྱེན་དེ་འདྲའི་རྡུགས་ཐུག་ཡིན་པས། ཡུལ་དེ་ནས་འཚོ་ཐུབ་པ་བྱེད་རྒྱུ་བྱུང་ན་དེ་ནི་ཡག་ཤོས་ཤིག་རེད”ཅེས་པ་ལྟ་བུའི་ཚིག་གི་ལྷན་པའང་རྒྱག་སྲོལ་ཆགས་ཡོད། །
         འོན་ཀྱང་བསམ་བློ་བཅིངས་འགྲོལ་གྱི་གྲོས་བསྡུར་ཆེན་པོའི་བྱ་འགུལ་བརྒྱུད་ནས། མགོ་ལོག་གི་མི་སྔར་ལས་མང་པོ་ཞིག་བསམ་པར། བཤད་ཚུལ་རྗེས་མ་དེས་མགོ་ལོག་པ་རྣམས་ཀྱི“ཁྱད་པར་བ་ལྔ”དར་སྤེལ་བཏང་བའི་སྙིང་སྟོབས་ལ་བསྔགས་བརྗོད་གང་ལེགས་བྱས་ཡོད་པ་དང་ཆབས་ཅིག  མི་མངོན་པའི་ཁྲོད་ནས་མི་གང་མང་ཞིག་ལ་སྔར་བཞིན་དུ“སྒུག་པ་དང་བརྟེན་པ། སློང་བ”བཅས་ཀྱི་བསམ་བློ་སྐྱེས་སུ་འཇུག་པར་ཁ་གཡོར་ས་ཞིག་འདོན་སྤྲོད་བྱས་སོང་སྙམ་གྱིན་ཡོད། །
         མགོ་ལོག་གི་རང་བྱུང་ཆ་རྐྱེན་ཧ་ཅང་གདུག་རྩུབ་ཡིན་ཟེར་བ་དེ་ལ་ངོ་མའི་བདེན་ཞད་ཡོད་མོད། འོན་ཀྱང་རྨ་ཆུ་སྔོན་མོའི་མགོ་ཁུངས་ནས་རྨ་ཆེན་གངས་རིའི་བར་དང་། རང་ཞིང་གི་ཆེས་ཆེ་བའི་གདོད་མའི་ནགས་ཁུལ་སྨར་ཁོག་ནགས་ར་ནས་གཉན་པོ་གཡུ་རྩེའི་བར་ན།  མཛེས་སྡུག་གི་ངོ་མཚར་རྣམ་པར་ལྡན་པའི་འཛམ་གླིང་རིམ་པའི་རང་བྱུང་ཐོན་ཁུངས་མང་པོ་ཡོད་པ་འདི་ནི། ས་ཁུལ་གཞན་གྱིས་འགྲན་དུ་མེད་ཅིང་མགོ་ལོག་ས་ཁུལ་ཁོ་ནར་ལྡན་པའི་ཐུན་མོང་གི་ཁྱད་སྟོབས་ཤིག་ཡིན།

                                                                                                རྨ་ཆུའི་མགོ་ཁུངས་ཀྱི་མཛེས་ཉམས།


མགོ་ལོག་ནས་རྐང་ཚུགས་ཐུབ་པ་བྱེད་དགོས་པར་མ་ཟད། ད་དུང་དེ་ནས་དོན་དག་འབྲས་བུ་ཅན་བསྒྲུབ་དགོས། དེར་བརྟེན་ནས།  བསམ་བློ་བཅིངས་འགྲོལ་གྱི་གྲོས་བསྡུར་ཆེན་པོའི་ཁྲོད། མགོ་ལོག་པ་རྣམས་ཀྱིས་བློ་བསྡུས་དགེ་འཚོལ་སྒོས། རྨ་འབྲི་རྫ་གསུམ་གྱི་ཕང་བར་གནས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་རང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་རྒྱུ་གཏན་ལ་ཕབས་པ་དང་། འཛམ་གླིང་རིམ་པའི་རང་བྱུང་མཛེས་ལྗོངས་ཆེན་པོ་བཞི་དང་གེ་སར་སྒྲུང་གི་རིག་གནས་ལ་དམིགས་ནས་ཐབས་བཀོད་ལེགས་པོ་འཐེན་པ། འབད་པས་སྐྱེ་ཁམས་རིག་གནས་ལྗོངས་རྒྱུ་མིང་གྲགས་ཅན་བསྐྲུན་ནས། ཁྱད་ལྡན་གྱི་ལྗོངས་རྒྱུའི་ལས་རིགས་སྤེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ལེན་རྒྱུ་བྱས། །
         ཁུལ་ལྗོངས་རྒྱུ་ཅུའུའི་ཅུའུ་ཀྲང་ཞོགས་པ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མགོ་ལོག་ཁུལ་གྱི་ལྗོངས་རྒྱུའི་རིག་གནས་ཐོན་ཁུངས་ཀྱི་ཁྱད་ཆོས་ཆེས་ཆེ་བ་ཞིག་ནི་ཁྱད་པར་རང་བཞིན་དང་ཐུན་མིན་རང་བཞིན།  གཞན་གྱིས་ཚབ་བྱེད་ཐབས་མེད་པའི་རང་བཞིན་བཅས་ཡིན།  མགོ་ལོག་ཁུལ་གྱིས་རི་འཛེགས་ལྗོངས་རྒྱུ་དང་། ཁོམ་གསེང་མི་མང་གི་ལྗོངས་རྒྱུ་དེ་མགོ་ལོག་རང་ལ་མ་གཏོགས་མེད་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་དང་སྦྲེལ་མཐུད་བྱས་ནས།  དཔེར་ན“རྟ་ཐོག་གི་བོད་ཀྱི་གླུ་གར”དང་། གེ་སར་རྒྱལ་པོའི་གནས་མཆོག་ལ་ཉུལ་བ། བོད་ཀྱི་མཁར་རྫོང་། དེ་མིན་ད་དུང་ཚན་རིག་གི་ཉེན་འཚོལ་ལྗོངས་རྒྱུ་སོགས་རིགས་མང་པོའི་ལྗོངས་རྒྱུ་མིང་གྲགས་ཅན་བསྐྲུན་རྒྱུ་ཡིན་ཟེར། །
         རྨ་ཆུའི་འབྱུང་ཡུལ་གྱི་མཛེས་སྡུག་རྣམ་པར་བཀྲ་བའི་རི་ཀླུང་གིས་ལས་བརྩོན་ཆེ་ཞིང་བབ་ཆགས་པའི་མགོ་ལོག་པ་རྣམས་འཚར་སྐྱེད་འབྱུང་དུ་བཅུག སྡོང་བོ་ཞིག་གཉོར་ན་ལོ་བཅུ་དགོས་ཤིང་། མི་ཞིག་གཉོར་ན་ལོ་བརྒྱ་དགོས་ཟེར་བ་ལྟར། མགོ་ལོག་རྩྭ་ཐང་དུ་ཕྱུག་པོ་དང་ཡ་རབས་འཆམས་མཐུན་བཅས་འཛུགས་པར་མི་རབས་ནས་མི་རབས་བར་གྱི་བྱང་ཚད་མཐོ་བའི་མགོ་ལོག་པའི་ཤེས་ལྡན་མི་སྣ་ཡོད་དགོས། །
         སློབ་གསོའི་ཁྱད་ཆོས་ཆེས་ཆེ་བ་ཞིག་ནི་གཅིག་བསྡུས་ཡིན་དགོས་པ་དེ་རེད། འོ་ན་སྤྱི་ལེ་གྲུ་བཞི་མ་གཅིག་གི་ནང་དུ་མི་གཅིག་གཉིས་རེ་མ་གཏོགས་མེད་པའི་མཐོ་འཁྱགས་རྩྭ་ཐང་དུ། ཇི་ལྟར་སྡོད་གནས་ཐར་ཐོར་ཡིན་པའི་འབྲོག་པའི་བུ་བུ་མོ་རྣམས་གནས་གཅིག་ཏུ་བསྡུས་ཏེ། གང་ནུས་ཅི་ཐུབ་སྒོས་ཁོ་ཚོར་གྲོང་ཁྱེར་གྱི་བྱིས་པ་རྣམས་དང་འདྲ་བའི་སློབ་གསོ་མྱོང་དུ་འཇུག་དགོས་ཞེ་ན། “ཁུལ་གྱིས་མཐོ་འབྲིང་སྒྲུབ་པ་དང་། རྫོང་གིས་དམའ་འབྲིང་སྒྲུབ་པ། ཞང་གིས་སློབ་ཆུང་སྒྲུབ་པ།”ཞེས་པའི་བསམ་ཕྱོགས་ལྟར། མགོ་ལོག་ཁུལ་གྱིས་བཀོད་སྒྲིག་ལ་དག་སྒྲིག་བཟང་པོ་བྱས་རྗེས། ཁུལ་ཡོངས་སུ་སློབ་གྲྭ་བདུན་ཅུ་དོན་གཉིས་ཡོད་པའི་ཁྲོད་བཅའ་སྡོད་སློབ་གྲྭས་གོ་གནས་གལ་ཆེན་ཟིན་ཡོད། །
བཅའ་སྡོད་སློབ་གྲྭ་སོ་སོས་བོད་ཡིག་སློབ་ཁྲིད་གཙོ་བོ་དང་། རྒྱ་ཡིག་ཞོར་འཁྲིད་ཡིན་པའི“སྐད་གཉིས”སློབ་ཁྲིད་རྣམ་པ་སྤྱད་ནས།  བོད་ཡིག་སློབ་གྲྭ་དང་རྒྱ་ཡིག་སློབ་གྲྭ་གཉིས་ཕྱོགས་གཅིག་ཏུ་ཟླ་སྒྲིལ་བྱས་ནས། མཉམ་དུ་དོ་དམ་དང་མཉམ་དུ་ཡར་སྐུལ་བྱས། སློབ་མ་རྣམས་ཀྱི་རྒྱ་སྐད་ཤེས་ཚད་ཇེ་མཐོར་གཏོང་ཆེད། གཞི་རིམ་སློབ་ཆུང་གིས་ལོ་རིམ་དང་པོ་ནས་བཟུང་རྒྱ་ཡིག་གི་སློབ་ཁྲིད་ཁར་བསྣན་ཡོད་པ་དང་། གཟའ་འཁོར་རེར་ཐེངས་གཉིས་ནས་གསུམ་བར་གྱི་རྒྱ་སྐད་བཤད་སྦྱོང་བྱེད་རྒྱུ་ཡང་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། དེའི་མི་ཚད་ད་དུང་སློབ་ཆུང་གི་ལོ་རིམ་བཞི་བ་ནས་བཟུང་དབྱིན་ཡིག་གི་སློབ་ཁྲིད་ཀྱང་ཁར་བསྣན་ཏེ།  ཕྱོགས་ཡོངས་ནས་སློབ་མ་རྣམས་ཀྱི་སྐད་ཆའི་བྱང་ཚད་བསྐྱེད་བསྲིང་དང་ཇེ་མཐོར་གཏོང་གིན་ཡོད། །
         དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་ནི། མཐོ་འཁྱགས་འབྲོག་ཁུལ་གྱིས་མྱུར་བ་མྱུར་དུ་བསྒྲུབ་དགོས་པའི་དོན་དག་ཅིག་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་གནས་པའི་མགོ་ལོག་པ་རྣམས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། དེ་གཉིས་མཉམ་འགྲུབ་ཡོང་བ་ཇི་ལྟར་བྱེད་དགོས་ཞེ་ན། རྟ་བོ་ཞང་རྐྱང་ཆེན་སྡེ་མི་ཚོས་ང་ཚོར་ལན་བཏབ་པ་འདི་ལྟར། མགོ་ལོག་པ་མང་ཤོས་ཤིག་ད་དུང“ལོ་གསུམ་ནང་གནོད་འཚེ་ཆེ་བ་གཅིག་རེ་དང་། ལོ་རེར་གནོད་འཚེ་ཆུང་བ་རེ”ཟེར་སྲོལ་ཡོད་པ་དང་། ཕྱུགས་ཟོག་ཀྱང“གནོད་འཚེ་ཆེ་ན་ཤི་ཚད་མང་ཞིང་གནོད་འཚེ་ཆུང་ན་ཤི་ཚད་ཆུང་”ཟེར་བའི་གནས་བབ་བསྐྱར་ལྡབ་ཁྲོད་ནས་གོ་རྟོགས་སད་མེད་པའི་དུས་སུ། རྨ་ཆེན་རྫོང་རྟ་བོ་ཞང་རྐྱང་ཆེན་སྡེ་བའི་འབྲོག་པ་རྣམས་མདུན་སྐྱོད་ཀྱི་གོམ་པ་སྔོན་ལ་སྤོས་ནས“རྩྭ་ས་འཛུགས་སྐྲུན་དང་།  རྩྭ་སའི་ཆེ་ཆུང་ལྟར་ཕྱུགས་ཟོག་གཏན་ཁེལ།  ཕྱུགས་ཟོག་གི་འཁོར་བསྐྱོད་ཇེ་མགྱོགས་སུ་གཏོང་བ། རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་ཡོང་བར་བྱེད་པ།  ཡོང་འབབ་འཕར་སྣོན་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་གཉིས་ཕན་གཉིས་རྒྱལ་ཡོང་བ་མངོན་འགྱུར་བྱེད་པ”བཅས་ཀྱི་སྐྱེ་ཁམས་ཕྱུགས་ལས་གཉེར་བའི་བགྲོད་ལམ་དུ་བསྐྱོད་མགོ་ཚུགས་ཞེས་ཟེར། །
         འབྲོག་ཁྱིམ་ཉིས་བརྒྱ་དོན་དྲུག་དང་མི་གྲངས་བསྡོམས་པའི་ཆིག་སྟོང་རེ་ལྔ་ཡོད་པའི་རྐྱང་ཆེན་སྡེ་བའི་ཏང་ཡོན་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ཚོས་གཅིག་ནས་ཡུལ་བབ་དང་བསྟུན་ནས། ཁྱིམ་ཚང་གཏན་སྡོད་དང་། ཕྱུགས་ཟོག་ལ་ཕྱུགས་སྤྱིལ་ལས་པ། རྩྭ་སར་ལྕགས་རྭ་བསྐོར་བ། གཟན་རྩྭའི་རྟེན་གཞི་ལས་པ་བཅས་ཀྱི“ཆ་ཚང་བཞི”འཛུགས་སྐྲུན་བྱེད་མགོ་བརྩམས་ནས། ཚན་རིག་དང་ལུགས་མཐུན་སྒོས་རྩྭ་ས་བེད་སྤྱོད་བྱས། གཉིས་ནས་རྩྭ་སའི་ཆེ་ཆུང་ལྟར་ཕྱུགས་ཟོག་གཏན་ཁེལ་བྱས་པས། རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་བཏང་བ་དང་། རྩྭ་ས་དང་ཕྱུགས་ཟོག་གཉིས་དོ་མཉམ་ཡིན་པ་མངོན་འགྱུར་བྱས། གསུམ་ནས་ཕྱུགས་ལས་ཐད་ཀྱི་ཡོང་འབབ་འཕར་སྣོན་བྱེད་སྟངས་བསྒྱུར་ནས། མང་ཚོགས་ལ་ཕྱུགས་ཁྱུ་དང་ཕྱུགས་རྒྱུད་ཀྱི་གྲུབ་ཚུལ་ལེགས་བཅོས་བྱེད་པར་སྣེ་ཁྲིད་བྱས་པ་དང་། ཕྱུགས་ཟོག་ཚོང་རར་འཁོར་ཚད་ཇེ་མགྱོགས་སུ་བཏང་ནས། ཚོང་རྫས་སུ་འགྱུར་ཚད་དང་ཕྱུགས་ལས་དཔལ་འབྱོར་གྱི་ཕན་འབྲས་ཇེ་མཐོར་བཏང་། དེ་ལྟར་བྱས་པའི་མཐའ་འབྲས་ལ་ཕྱུགས་ཟོག་གི་ཁ་གྲངས་སྔོན་ཆད་ལས་ཇེ་ཉུང་དུ་སོང་བ་དང་། རྩྭ་ས་ཡང་ལོ་མང་པོ་ཞིག་ཞིག་གི་རིང་ལ་ཉམས་ཞན་དུ་གྱུར་པ་ཚབས་ཆེན་མ་བྱུང་མོད། འོན་ཀྱང་ཕྱུགས་ལས་ཀྱི་ཕན་འབྲས་དེ་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་སོང་བ་རེད། །
         ཁོ་ཚོས་བསམ་བློ་བཅིངས་འགྲོལ་བྱས་པའི་དགེ་མཚན་ཡོངས་སུ་ཤེས་པ་དང་། འཚོ་བའི་ཆུ་ཚད་ཀྱང་རིམ་བཞིན་ཇེ་མཐོར་སོང་། ཡིན་ནའང་ཁོ་ཚོས་ཆ་རྐྱེན་དེ་འདྲ་ལ་ཡིད་ཚིམས་ནས་མི་འདུག་པར། མི་ཟོག་གཉིས་ཀྱི་འཐུང་ཆུ་དང་། ལམ། གློག འཕྲིན་གཏོང་སོགས་འདུས་པའི“ཆ་ཚང་བརྒྱད”ཀྱང་རིམ་པ་བཞིན་འཕེལ་རྒྱས་སུ་བཏང་ནས། འཐུས་ཚང་ཅན་གྱི་རྩྭ་སའི་སྐྱེ་ཁམས་ཀྱི་ཕྱུགས་ལས་ཀྱིས་འབྲོག་པ་རྣམས་ཀྱིས་གནོད་འཚེ་ལ་ཁ་གཏད་འཇལ་བ་དང་། ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བའི་ཐད་འགན་ལེན་གང་ལེགས་ཡོད་དུ་བཅུག་ཅིང་། ཆ་སྙོམ་མི་རེའི་ཡོང་འབབ་ཀྱང་ད་ལྟའི་སྒོར་མོ་སྟོང་ལྔ་བརྒྱ་དང་ཉི་ཤུར་ཐོན་དུ་བཅུག  དབུལ་ཐར་ཕྱུག་བསྒྱུར་དང་དམངས་འཚོ་ལེགས་བཅོས་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་དམིགས་འབེན་ལྟར། 1996ལོ་ནས་ད་ལྟའི་བར། རྐྱང་ཆེན་སྡེ་བས་སྡེ་བ་རང་གི“ཆ་ཚང་བརྒྱད”འཛུགས་སྐྲུན་དང་། ཉིན་ཧྲིལ་ལུགས་ཀྱི་བཅའ་སྡོད་སློབ་ཆུང་། འཕྲོད་བསྟེན་ཁང་། རྒན་གསོ་ཁང་། འབྲོག་ཁྱིམ་ཁ་གསབ། ལུག་རྒྱུད་རྫོགས་ར། སྡེ་བའི་རྣམ་པ་འཛུགས་སྐྲུན་དང་ཐུན་མོང་བདག་གཉེར་བཅས་ལ་ཐུན་མོང་གི་སྒོར་མོ་ཁྲོད་ནས་བསྡོམས་པའི་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་བདུན་དང་ཁྲི་དྲུག་བཏང་བས། སྡེ་བ་དེའི་འབྲོག་པ་མང་ཚོགས་རྣམས་ལ་མིག་མཐོང་ལག་ཟིན་གྱི་དོན་ཆེན་ཧ་ཅང་མང་པོ་ཞིག་བསྒྲུབས་པ་རེད། །
         རྨ་ཆེན་རྫོང་ཐོག་གི་རྐྱང་ཆེན་ཐོག་ཁང་ཆེན་མོ་ནི་རྟ་བོ་ཞང་རྐྱང་ཆེན་སྡེ་བས2002ལོར་སྡེ་བ་རང་གི་གཞུང་དངུལ་ལས་སྒོར་མོ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་གཉིས་ལྷག་བཏང་ནས་ལས་པ་ཞིག་ཡིན་ལ། ཐོག་ཁང་དེའི་ཁེར་ཐོག་དང་ཉིས་ཐོག་གཉིས་ཀྱི་ཁང་བ་ཁག་ཅིག་ནི་ཕྱི་ཕྱོགས་སུ་གླས་ནས་ཚོང་ཁང་ཕྱེས་ཡོད་པ་དང་། ལྷག་མ་རྣམས་མགྲོན་ཁང་བཅོས་ཡོད་ཅིང་།  དེ་ལ་རྐྱང་ཆེན་སྡེ་བས་ཐུན་མོང་དུ་དོ་དམ་བྱེད་མཁན་དང་ནོར་དོན་གཉེར་མཁན་མངགས་ནས་བདག་གཉེར་བྱེད་ཀྱིན་ཡོད་པས། སྡེ་བ་ལ་ཐོག་ཁང་ཆེན་མོ་དེ་གཅིག་པུའི་ཐོག་ནས་ཡོང་འབབ་རྐྱང་རྐྱང་སྒོར་འབུམ་ལྔ་དང་ཁྲི་གཉིས་བླངས་པ་རེད། །
         སྡེ་བ་དེའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་པ་བསོད་རྡོ་ཡིས་བཤད་པ་ལྟར་ན། རྐྱང་ཆེན་སྡེ་བས་རྫོང་མཁར་ན་ཐོག་ཁང་ལས་ནས་ཡོང་སྒོ་འཚོལ་བྱེད་དེ་གཅིག་པུའི་མི་ཚད་པར། ད་དུང་འདུ་འཛི་ཆེ་བའི་རྟ་བོ་གྲོང་རྡལ་གྱི་སྲང་འགྲམ་དུ་ཁང་པ་གྱན་སུམ་ཅུ་སོ་གཉིས་ཡོད་པའི་ཉིས་ཐོག་ཅན་ཞིག་ལས་ཡོད་ལ།   དེ་ཡང་སྡེ་བ་རང་གི་གཞུང་དངུལ་མ་རྩར་བཏང་ནས་ལས་པ་དང་།  མ་གོང་ལྟར་རང་སྡེ་བའི་ཁྱིམ་ཚང་རེ་རེར་བཙོང་ནས་རང་རང་གི་མཁོ་བབ་ལྟར་ཐག་གཅོད་བྱེད་དབང་ཁོ་ཚོར་བྱིན་ཟེར། །
         རྒྱུན་ཆད་མེད་པར་བསམ་བློ་བཅིངས་འགྲོལ་བྱེད་པའི་ཁྲོད། མགོ་ལོག་པ་རྣམས་ཀྱིས་རྩོད་སྒྲུབ་རིགས་པའི་ལྟ་སྟངས་ཀྱིས་རང་ལ་ཡོད་པའི་དགེ་སྐྱོན་གྱི་དབྱེ་བ་འབྱེད་ཤེས་ཡོད་པ་དང་།  འཕེལ་རྒྱས་ཀྱི་ཁ་བཏོད་ས་གང་ཡིན་པའང་རྙེད་ཡོད་པས། གསོན་ཤུགས་ཡོད་ཚད་འདོན་སྤེལ་དང་། རྒྱུན་ཆད་མེད་པར་བསམ་བློ་བཅིངས་འགྲོལ་བྱེད་པའི་བྱ་བ་དེ་གཏིང་ཟབ་ཏུ་བཏང་ནས།  མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་གཉིས་བཟང་ཞིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། །
 


  • ལེ་ཚན་སྔོན་མ།:གོ་ལའི་ཡང་རྩེ་ན་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།
  • ལེ་ཚན་རྗེས་མ།:ཡར་ཀླུང་གཙང་པོ།