སྒྲུང་མཁན་གྲགས་ཅན་གཡུ་སྨན།

རིན་ཆེན་འཚོ    ཀྲུང་གོའི་བོད་ཀྱི་དྲ་བ    2011-03-29

 གཡུ་སྨན་ནི1957ལོར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་སོག་རྫོང་དུ་སྐྱེས་ཤིང་། ཁོ་མོའི་ཕ་ཡང་ས་ཁུལ་དེ་གར་སྐད་གྲགས་ཆེ་བའི་སྒྲུང་མཁན་ཞིག་རེད། དེ་ཡང་ཁོ་མོ་ལོ་ན16ལ་སོན་པའི་དཔྱིད་ཀར་གྲོགས་མོ་ཚེ་རིང་སྐྱིད་དང་མཉམ་དུ་ནོར་ལུག་འཚོ་བར་འགྲོ་སྐབས་ཁོ་མོ་གློ་བུར་དུ་གཉིད་དུ་ཡུར་ནས་རྨི་ལམ་ཞིག་རྨིས་པ་སྟེ། ཁོ་མོའི་མདུན་དུ་མཚོ་དཀར་ནག་ཆེན་པོ་གཉིས་འདུག་པ་ལས་མཚོ་ནག་དེའི་ནང་ནས་བདུད་མོ་གདོང་དམར་པོ་ཞིག་ཐོན་ནས་ཁོ་མོ་མཚོ་དེའི་ནང་འཐེན་ལ་ཉེ་བའི་སྐབས་དེར་མཚོ་དཀར་པོ་དེའི་དཀྱིལ་ནས་ཡིད་དུ་འོང་བའི་ལྷ་མོ་ཞིག་ཡོང་སྟེ་ཁ་བཏགས་དཀར་པོ་ཞིག་ཁོ་མོའི་ལག་ཏུ་དཀྲིས་ནས་འདི་ནི་ང་ཚོ་གེ་སར་རྒྱལ་པོའི་མི་ཡིན་ཟེར་བཞིན་བདུད་མོ་གདོང་དམར་པོ་དེ་དང་འཐབ་རྩོད་བགྱིས་པར་བདུད་མོ་དེས་མ་ཐུབ་པར་མཚོ་ནང་དུ་འཛུལ་སོང་བ་དང་། ལྷ་མོ་དེས་གཡུ་སྨན་ལ་བྱབས་ཁྲུས་གནང་བ་དང་ཁ་བཏགས་ཤིག་ལ་མདུད་པ་དགུ་བརྒྱབ་སྟེ་ཁོང་གི་མགུལ་ལ་སྒྲོན་ཏེ་གེ་སར་གྱི་མཛད་འཕྲིན་སྒྲུང་གཏམ་ཁྱོད་རང་ནས་ཤོད་དགོས་ཞེས་བཤད་ནས་མི་སྣང་བར་གྱུར། གཉིད་ལས་སད་རྗེས་ནད་ལྗིད་མོ་ཞིག་བྱུང་བར་རང་བརྟན་དགོན་པའི་བླ་མས་ཞབས་བརྟན་གནང་བ་དང་རྩ་སྒོ་ཕྱེས་པས་ནད་གཞི་རིམ་བཞིན་དྲག་སྐྱེས་བྱུང་བ་དང་སྦྲགས་གླིང་སྒྲུང་ཡང་ཤོད་ཤེས་པར་གྱུར།
   ཡི་གེ་གཅིག་མི་ཤེས་ཀྱང་གེ་སར་སྒྲུང་ཁག74ལྷག་བཤད་ཤེས་ཀྱི་ཡོད་ཅེས་པའི་བུད་མེད་སྒྲུང་མཁན་དེས་ད་བར་དུ་ལོ20ལྷག་བཤད་ནས་སྒྲ་ཕབ་བྱས་ཡོད་དོ།། 
  • ལེ་ཚན་སྔོན་མ།:སྒྲུང་པ་གྲགས་ཅན་ཟླ་བ་གྲགས་པ།
  • ལེ་ཚན་རྗེས་མ།:བཤད་མི་ཚར་བའི་གེ་སར་སྒྲུང་བ་བུ་ཐོས་དགའ་ཡི་གནས་ཚུལ་མདོར་བསྡུས།