འཁུར་བ་དང་གོ་རེའི་སྐོར།

        2011-02-24

 བོད་མིའི་བཟའ་བའི་གོ་རེའམ་བག་ལེབ་ལ་རིགས་ཧ་ཅང་མང་སྟེ། ཨོང་བའམ་ར་ལུག་གི་རིལ་མའི་མེ་ཐལ་དང་བསྲེགས་པའི་ཐལ་གོར་དང་། སའི་བོང་བ་མེའི་ནང་བསྲེགས་པའི་གོ་རེ། སླ་ངའི་ནང་བསྲེག་པའི་འཁུར་བའམ་སྐྱ་སྲབ། གནག་དང་ཕྱུགས་ཀྱི་སྤྲི་གསར་ལས་བཟོས་པའི་སྤྲི་གོར། རླངས་བཙོས་བྱས་པའི་མོག་མོག   གཡིས་དང་མར་གྱི་ནང་བཙོས་པའི་ཨ་མདོ་ཕྱོགས་ཀྱི་རྡེའུ་ཕྲུག་དང་དབུས་གཙང་ཕྱོགས་ཀྱི་སྲང་གང་བག་ལེབ་སོགས་གཡིས་གོར་རིགས་མང་པོ་ཡོད། གོ་རེའི་ཆེ་ཆུང་དང་སྲབ་མཐུག་ཀྱང་འདྲ་མིན་སྣ་ཚོགས་ཡོད་དེ། གོ་རེ་ཆེ་བ་ལ་གོར་མོ་ཆེ་ཞེས་བྱ་སྟེ་གྲོ་ཕྱེ་རྒྱ་མ་ལྔ་བརྒྱ་ལྷག་གིས་གོ་རེ་གཅིག་བཟོས་པ་ཡོད་པ་དང་གོ་རེ་ཆུང་བ་ལ་སྲན་སེར་གྱི་རྡོག་མ་ཙམ་ལས་མེད། སྤྲི་གོར་ནི་མོ་ཕྱུགས་འབྲིའམ་ར་མ་སོགས་རྩེབས་ནས་ཉིན་ཤས་རིང་གི་འོ་མ་དང་པོ་མདོག་ངུར་སེར་ཅན་གྱི་ནང་དུ་ཕྱེ་བརྫིས་ནས་བཟོས་པ་ཞིག་ཡིན་ཞིང་། མདོག་ཡལ་ལ་བྲོ་བ་ལྡན་པ་ཞིག་ཡིན། གཞན་ད་རུང་གོ་རེ་ཙི་རུ་དང་གོ་རེ་གཡག་རྭ། གོ་རེ་བྱ་བྱ་སོགས་ཀྱང་ཡོད།
  • ལེ་ཚན་སྔོན་མ།:རྩམ་པ་དང་མར་ཕྱུར་སྐོར།
  • ལེ་ཚན་རྗེས་མ།:ཐུད་དང་ཉོག་གི་སྐོར།