བོད་ཀྱི་རི་མོ་བ་ན་འབན་སྟག་ལྷ་ཚེ་བརྟན་གྱི་རི་མོ་བདམས་བཀོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བྲིས།        2016-05-17

བོད་ཀྱི་རི་མོ་བ་ན་འབན་སྟག་ལྷ་ཚེ་བརྟན་གྱི་རི་མོ་བདམས་བཀོད།

ན་འབན་སྟག་ལྷ་ཚེ་བརྟན་ནི་སྤྱི་ལོ1973ལོར་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དམེ་ཤུལ་ཡུལ་ཤོག༼ད་ལྟའི་སྒྱིས་ཚང་ཡུལ་ཤོག༽ན་འབན་སྒོ་ཡག་སྡེ་བ་རུ་སྐྱེས།དེ་ཡང་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པ་བརྒྱུད་དེ1993ལོར་ལས་ཀར་ཞུགས་ཤིང་།ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་རི་མོའི་དགེ་རྒན་བྱས།1997ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་དུ་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གཙོ་བྱས་རྒན་ཡེ་ཤེས་ཤེས་རབ་དང་དཀའ་ཆེན་བློ་བཟང་ཕུན་ཚོགས།ངག་དབང་འཇིགས་མེད།ཤེས་རབ་རྒྱལ་མཚན།སྐལ་བཟང་ཚེ་བརྟན།མི་ཉག་ཆོས་ཀྱི་རྒྱལ་མཚན་སོགས་དུས་རབས་འདིའི་རྩེར་སོན་སྒྱུ་རྩལ་བ་དུ་མ་དགེ་རྒན་དུ་བསྟེན་ནས་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་གྱི་རིག་པའི་གཞུང་ལུགས་དང་ལག་ལེན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་མཛད།གནའ་དེང་གི་འཇིམ་བཟོ་ལ་མངའ་མཉེས་པའི་དགེ་རྒན་ཆེན་མོ་དཔལ་རི་བློ་བཟང་བཀྲ་ཤིས་ཀྱི་དྲུང་ནས་འཇིམ་བཟོ་ལ་བག་ཆགས་མི་དམན་པ་བཞག2004ལོར་སྦྱང་འབྲས་ཕུལ་དུ་བྱུང་བའི་ངང་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན།

བོད་ཀྱི་རི་མོ་བ་ན་འབན་སྟག་ལྷ་ཚེ་བརྟན་གྱི་རི་མོ་བདམས་བཀོད།

2004ལོའི་ཟླ9པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་དུ་དགེ་རྒན་བྱས།2007ལོར་སློབ་གྲྭའི་འདི་གར་བོད་ཀྱི་རི་མོའི་དངོས་གཞིའི་ཆེད་ལས་བཙུགས་ཤིང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་རི་མོའི་ཆེད་ལས་མེད་པའི་ལོ་རྒྱུས་མཇུག་རྫོགས།2008ལོར༼ཨ་མདོའི་གནའ་བོའི་མཛེས་རྩལ་ཤུལ་དངོས་སྐོར་ལ་དཔྱད་པ༽ཞེས་པའི་དེབ་དེ་ཀྲུང་གོའི་རིག་གནས་སྒྱུ་རྩལ་མཉམ་འབྲེལ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།༼རྒྱ་ཡིག༽2009ལོར༼བོད་ཀྱི་ཐང་གའི་སློབ་དེབ༽ཞེས་པའི་དེབ་དེ་ཧེ་པེ་མཛེས་རྩལ་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས།དཔེ་དེབ་དེ་ནི་ཀྲུང་གོ་གྲངས་ཉུང་མི་རིགས་མཐོ་རིམ་སློབ་གྲྭའི་མཛེས་རྩལ་སློབ་གསོའི་གཅིག་གྱུར་བསླབ་དེབ་ཡིན་པར་མ་ཟད།རྒྱལ་ཁབ་ཀྱི211ལས་གཞི་ལས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བསླབ་གཞི་གལ་ཆེན་གྲས་སུ་ཡང་ཚུད་ཡོད།2009ལོའི་ཟླ6པར་སྟག་ལྷ་སྒྱུ་རྩལ་ལས་ཤག་བཙུགས་ཤིང་།དུས་མཉམ་དུ་ཀན་སུའུ་མཛེས་རྩལ་གླིང་དུ་ཀུན་སུའུ་ཞིང་ཆེན་གྱི་ཐང་ག་རྒྱས་འགྲེམ་སྐབས་དང་པོ་སྤེལ།2010ལོའི་སྤྱི་ཟླ12པའི་ནང་རྒྱལ་ས་པེ་ཅིང་དུ་ཚོགས་པའི་རྒྱལ་སྤྱིའི་རིག་གནས་གསར་གཏོད་དང་ཐོན་དངོས་རྒྱས་འགྲེམ་ཚོགས་ཆེན་སྟེང་རི་མོ་འགྲེམ་སྟོན་བྱས་ཏེ་དགའ་བསུ་ཆེན་པོ་ཐོབ།

བོད་ཀྱི་རི་མོ་བ་ན་འབན་སྟག་ལྷ་ཚེ་བརྟན་གྱི་རི་མོ་བདམས་བཀོད།

2010ལོའི་སྤྱི་ཟླ12པའི་ནང་ཀྲུང་གོའི་སློབ་གསོ་བཅོས་སྒྱུར་ཨུ་ལྷན་ནས2010ལོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གེ་རྒན་ཞེས་པའི་མཚན་སྙན་དང་གཟེངས་རྟགས་གསེར་ཕོར་གནང་།དུས་མཚུངས་སུ༼བོད་ཀྱི་མཛེས་རྩལ་གྱི་ཐོག་མའི་བྱུང་རིམ་སྐོར་ལ་དཔྱད་པ༽ཞེས་པའི་དཔྱད་རྩོམ་ལ་རྒྱལ་ཡོངས་སློབ་གསོའི་སྐོར་གྱི་དཔྱད་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། 2011ལོའི་སྤྱི་ཟླ7པའི་ནང་རི་མོའི་བརྩམས་ཆོས༼སྲིད་པའི་ཁམས་ཀྱི་འོད་སྣང༽དང༼རྟེན་འབྱུང༽སོགས་ཨི་ཐྲ་ལའི་རྒྱལ་ས་རོམ་ནས་འགྲེམས་སྟོན་བྱས།

བོད་ཀྱི་རི་མོ་བ་ན་འབན་སྟག་ལྷ་ཚེ་བརྟན་གྱི་རི་མོ་བདམས་བཀོད།

 
  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་ཐོག་སྙན་གྲགས་མངོན་པར་མཐོ་བའི་ཡུལ་ཤུལ་གྱི་རི་མོའི་སྒྱུ་རྩལ་པ་ཀརྨ་རྡོ་རྗེ་ཚེ་རིང་།༼ཨོ་ཡོ།༽
  • ལེ་ཚན་རྗེས་མ།:པད་མའི་མགུར་དང་གཞས་མ་གཡང་སྐྱིད་མ།
  • དོ་སྣང་ཆེ་བའི་རྩོམ།