སྟོན་གྱི་འབྲས་བུ་སྨིན་པའི་དྲི་ཞིམ་འཐུལ།། བདེ་སྐྱིད་འཚོ་བར་སླར་ཡང་ཡིད་ཆེས་ཁེངས།།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-10-19

སྟོན་གྱི་འབྲས་བུ་སྨིན་པའི་དྲི་ཞིམ་འཐུལ།། བདེ་སྐྱིད་འཚོ་བར་སླར་ཡང་ཡིད་ཆེས་ཁེངས།།
ཁུག་རྟ་གྲོང་རྡལ་ལྷོ་སྒོ་གྲོང་སྡེའི་གྲོང་མི་རྣམས་ཀྱིས་མ་རྨོས་ལོ་ཏོག་སྡུད་བཞིན་པ།

ལོ་ཏོག་སྨིན་པའི་དྲི་ཞིམ་ཕྱོགས་ཀུན་ཁྱབ།། ལོ་ལེགས་ཐོབ་པས་འབྲས་བུ་མཛོད་དུ་ཉར།། ལོ་རེའི་སྟོན་མཉམ་ཉིན་ནི་ཏག་ཏག“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཡིན་ཞིང་། ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་ལྷོ་སྒོ་གྲོང་སྡེའི་ཚོ་ཆུང་གཉིས་པས“ལོ་ལེགས་དུས་ཆེན”ཉིན་གྱི་སྟོན་བསྡུའི་ངལ་རྩོལ་དེ་གྲོང་མི་ཀའོ་མོང་མིང་ཚང་གི་མ་རྨོས་ལོ་ཏོག་ཞིང་ནང་བཀོད་སྒྲིག་བྱས་པར་མ་ཟད། ལོ་ལེགས་ཐོབ་པའི་སྨོན་འདུན་དེ་སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་ཁར་ས་འགུལ་བྱུང་བའི་སྐབས་སུ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་དང་བླངས་པ་ཀའོ་མོང་མིང་ལ་ཕུལ་བ་རེད།

ཉིན་དེར། རི་ལྡེབས་སུ་ཆགས་པའི་ལྷོ་སྒོ་གྲོང་སྡེ་ཚོ་ཆུང་གཉིས་པའི་གྲོང་མི་རྣམས་སྔ་མོ་ནས་ཀའོ་མོང་མིང་ཚང་གི་སྒོ་འགྲམ་དུ་འཛོམས་པ་དང་ཆབས་ཅིག། “ཕུ་བོ་ཀའོ་ལགས། དེ་རིང་གནམ་གཤིས་ཡག་པོ་འདུག། ང་ཚོ་སྔ་མོ་ཙམ་ཁྱེད་ཚང་གི་མ་རྨོས་ལོ་ཏོག་འཐུ་སར་འགྲོ”ཞེས་འབོད་བཞིན་འདུག། དུས་ཚོད་སྐར་མ་ཉི་ཤུ་མ་འགོར་བའི་ནང་ཡུལ་མི་ཉི་ཤུ་ལྷག་ཙམ་གྲོང་སྡེའི་ལམ་ཕྲན་བརྒྱུད་ནས་གྲོང་སྡེའི་ནང་ནས་རི་ལྡེབས་སུ་ཡོད་པའི་ཞིང་ནང་དུ་སླེབས་ཤིང་། འདྲུད་འཐེན་འཕྲུལ་འཁོར་གྱི་སྐད་སྒྲ་དང་འདྲོགས་ནས་རི་ཀླུང་ཐམས་ཅད་གཉིད་ལས་སད་པ་བཞིན་སྟོན་སྡུད་ཀྱི་ལས་ལ་བྲེལ།

སྟོན་གྱི་འབྲས་བུ་སྨིན་པའི་དྲི་ཞིམ་འཐུལ།། བདེ་སྐྱིད་འཚོ་བར་སླར་ཡང་ཡིད་ཆེས་ཁེངས།།
ལོ་ལེགས་བྱུང་བས་ངོ་གདོང་འཛུམ་གྱིས་ཁེངས།

མཐོ་ཚད་ལ་མི་ལུས་ཙམ་ཡོད་པའི་མ་རྨོས་ལོ་ཏོག་གི་སྡོང་རྐང་ཁྲོད་དུ། གྲོང་མི་རྣམས་ཀྱིས་ལས་བགོས་གསལ་པོ་ཡིན་ཞིང་།ལ་ལས་མ་རྨོས་ལོ་ཏོག་འཐུ་བ་དང་ལ་ལས་སླེལ་པོའི་ནང་དུ་མ་རྨོས་ལོ་ཏོག་འཁུར། ལ་ལས་འདྲུད་འཐེན་འཕྲུལ་འཁོར་ནང་དུ་མ་རྨོས་ལོ་ཏོག་དབོར་འདྲེན་བྱེད་བཞིན་འདུག། ད་ལོའི“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ནི“9·5”ས་འགུལ་བྱུང་རྗེས་ཉམས་གསོ་བསྐྱར་སྐྲུན་བྱས་པ་ནས་བཟུང་གྲོང་མི་ཚོས་ནུས་ཤུགས་ཡོད་རྒུས་ལས་ཀ་ལས་བའི་ཉིན་ཤིག་ཡིན་ལ། གསེར་མདོག་གི་མ་རྨོས་འབྲུ་མ་རེ་རེའི་ནང་དུ་དགའ་སྤྲོ་དང་དྲིན་གཟོ་ཡིས་ཁེངས།

ཀའོ་མོང་མིང་གི་ཁྱིམ་ལ་ས་འགུལ་བྱུང་སྐབས་གནོད་འཚེ་ཚབས་ཆེན་མ་ཐེབས་མོད། ཁོས་ས་འགུལ་བྱུང་རྗེས་གང་སར་བརྒྱུགས་ནས་གནོད་འཚེ་ཕོག་པའི་གྲོང་མིར་རོགས་རམ་བྱས་ནས་ཁྱིམ་གྱི་སྡོད་ཁང་ཉམས་གསོ་བྱེད་པའི་དུས་ཚོད་ཀྱང་མ་བྱུང་། “དེ་ནི་ཁང་སྟེང་གི་རྫ་ལེབ་ལ་ས་འགུལ་གྱིས་གནོད་འཚེ་ཐེབས་པ་ཙམ་དང་གྱང་ལ་གས་སྲུབས་ཤོར་བ་ཙམ་ཡིན་པས་སྐྱོན་ཆེན་པོ་མི་འདུག”ཅེས་ཀའོ་མོང་མིང་གིས་དེ་ལྟར་བཤད་པ་རེད།

གྲོང་ཚོའི་ནང་ལས་འགན་གཅིག་ལྕོགས་འཁུར་མཁན་གྱི་ཀའོ་མོང་མིང་ནི་སྲོག་ཆགས་རིམས་འགོག་མི་སྣ་ཡིན་ལ་ཡུལ་དམག་ཡིན་པར་མ་ཟད། ད་དུང་བཀོད་སྒྲིག་བྱ་ཡུལ་དུ་དང་བླངས་པ་ཡང་བྱས་ཡོད། ཟླ་ཕྱེད་ཏག་ཏག་སོང་རྗེས། ཁོས་ཉིན་མོར་གྲོང་སྡེའི་ནང་དུ་དུག་སེལ་དང་སྒོ་ཕྱུགས་ལ་རིམས་འགོག་སྨན་ཁབ་བརྒྱབ། ས་གཤིས་གནོད་འཚེ་ས་ཚུགས་སུ་ལྟ་ཞིབ་བྱེད་བཞིན་ཡོད། མཚན་མོར་བཀོད་སྒྲིག་བྱ་ཡུལ་དུ་ལས་རེས་སྐོར་གཡེང་དང་གྲོང་མིར་ཞབས་འདེགས་ཞུ་གི་ཡོད། བྲེལ་འཚུབ་ཆེ་བའི་ཉིན་ཁ་ཤས་ཡི་ནང་དུ་ཀའོ་མོང་མིང་ཁྱིམ་གྱི་སྒོ་རའི་ནང་གི་རྫ་ཆག་རྣམས་སྔར་ལྟར་སྤུངས་ནས་བཞག་ཡོད་ཅིང་། ཁོ་ཡང་གྲོང་སྡེར་དུག་སེལ་བྱེད་སྐབས་གཞི་ནས་རང་ཁྱིམ་གྱི་སྒོ་རའི་ནང་དུ་འཛུལ་བའི་ཁོམ་ལོང་ཙམ་བྱུང་བ་རེད།

སྟོན་གྱི་འབྲས་བུ་སྨིན་པའི་དྲི་ཞིམ་འཐུལ།། བདེ་སྐྱིད་འཚོ་བར་སླར་ཡང་ཡིད་ཆེས་ཁེངས།།
གྲོང་མི་རྣམས་མ་རྨོས་ལོ་ཏོག་སྡུད་པར་བྲེལ་བཞིན་པ།

ཉེ་ཆར། འབྲེལ་ཡོད་སྡེ་ཁག་གིས་གསལ་འབྱེད་བྱས་པར་བརྒྱུད་ལྷོ་སྒོ་གྲོང་སྡེ་ཚོ་ཆུང་གཉིས་པའི་མང་ཚོགས་ཀྱི་སྡོད་ཁང་མང་ཆེ་བ་རྒྱུན་གཏན་ལྟར་སྤྱོད་ཆོག་པ་ཤེས་རྗེས། གྲོང་མི་ཚོས་སྔ་རྗེས་སུ་རང་ཁྱིམ་དུ་སྤོས་ནས་ས་འགུལ་རྗེས་ཀྱི་སྟོན་སྡུད་བྱེད་འགོ་བརྩམས། ལས་ཀའི་དུས་ཚོད་བཀོད་སྒྲིག་བྱེད་པའི་སྐབས་སུ་ཚང་མས་སྟོན་ཁའི“ལོ་ལེགས་དུས་ཆེན”གྱི་ཉིན་དེ་ཀའོ་མོང་མིང་ཚང་ལ་བཀོད་སྒྲིག་བྱས་ཏེ། མི་རྣམས་ལ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་མི་སེམས་བཟང་འདི་ལ་ཉིན་དེར་ཕུན་སུམ་ཚོགས་པའི་ལོ་ལེགས་ཐོབ་པར་སྨོན་འདུན་ཞུས་པ་རེད།

ཁྱིམ་གྱི་སྒོ་རའི་ནང་དུ་མ་རྨོས་ལོ་ཏོག་གིས་ཁེངས་འདུག་པ་མཐོང་སྐབས་ཀའོ་མོང་མིང་གི་ངོ་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས། ཁོས་གསར་འགོད་པར་བཤད་རྒྱུར། ཁོ་ལ་དགའ་སྤྲོ་སྐྱེས་བ་དེ་ལོ་ལེགས་བྱུང་བའི་རྐྱེན་ཙམ་མ་ཡིན་པར། གཙོ་བོ་ནི་གོད་ཆག་གི་མདུན་དུ་ལྷོ་སྒོ་གྲོང་སྡེའི་མང་ཚོགས་རྣམས་སྣང་བ་སྐྱིད་པོ་དང་བརྩོན་སེམས་ལྡན་པ། དྲིན་ཚོར་ཡར་བརྩོན་དང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རང་སྟོབས་རང་སྤེལ་བྱས་པ་དང་། གེགས་རྗེས་བསྐྱར་སྐྲུན་ཁྲོད་དུས་ཐོག་ཏུ་སྟོན་སྡུད་དང་སྡོད་ཁང་བསྐྱར་སྐྲུན་ཁྲོད་ཞུགས་པས་ཡིན་ཞེས་བཤད།

“སྤྱི་ཚོགས་ལས་རིགས་ཁག་དང་རིམ་ཁག་སྲིད་གཞུང་གི་རོགས་རམ་ལ་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོ་ཚོ་མེད་ན་ང་ཚོས་སྟོན་སྡུད་ངལ་རྩོལ་སླར་གསོ་མགྱོགས་པོ་བྱེད་ག་ལ་ཐུབ”ཅེས་ཀའོ་མོང་མིང་གིས་ཟོལ་མེད་ངང་དེ་ལྟར་བཤད།

ཉིན་གུང་སླེབས་སྐབས། ལྷོ་སྒོ་གྲོང་ཚོའི་དུད་ཚང20ལྷག་ཙམ་གྱི་གྲོང་མི་རྣམས་ཀའོ་མོང་མིང་གི་ཁྱིམ་གྱི་སྒོ་རའི་ནང་དུ་བསྡད་ནས་ཚང་མས་དགོད་སློང་བཞིན་དུ་མ་རྨོས་ལོ་ཏོག་གི་པགས་པ་བཤུས། དགུང་ཚིགས་སྐབས་སུ་ཚང་མ་ཁྱིམ་དུ་འདུས་ནས་སྤྱི་ཐབ་ཐོག་ཟ་མ་ཟོས། ས་འགུལ་རྗེས་ཀྱི་འཇིགས་སྣང་དེ་གྲོང་ཚོ་ཆུང་ཆུང་འདིར་སྔར་ནས་མེད་པར་གྱུར་ཟིན། སྟོན་སྡུད་ཀྱི་སྤྲོ་སྣང་དང་སླར་འཛོམས་ཀྱི་དགའ་སྤྲོ། བསྐྱར་དུ་ཐོན་སྐྱེད་བྱེད་པའི་ཡིད་ཆེས་བཅས་གྲོང་ཚོ་ཡོངས་སུ་ཁྱབ།།

སྟོན་གྱི་འབྲས་བུ་སྨིན་པའི་དྲི་ཞིམ་འཐུལ།། བདེ་སྐྱིད་འཚོ་བར་སླར་ཡང་ཡིད་ཆེས་ཁེངས།།

བྱིས་པ་རྣམས་ཀྱིས་སྟོན་སྡུད་ཀྱི་སྤྲོ་དགའ་ཉམས་སུ་མྱོང་བཞིན་པ།


  • ལེ་ཚན་སྔོན་མ།:ལེ་ཅན་ཕིང་གིས་ཚོཊ་ཆེན20པའི་སྙན་སེང་ལ་གསན་ནས་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10