ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་སྐབས་གསར་པས་འཕྲིན་སྦྱོར་གསར་འགོད་པ་ལ་ངོ་འཕྲད་གནང་།

སྐལ་ཐུབ་ཀྱིས་བྲིས།        2021-12-30

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་སྐབས་གསར་པས་འཕྲིན་སྦྱོར་གསར་འགོད་པ་ལ་ངོ་འཕྲད་གནང་།

   སྤྱི་ཟླ12ཚེས29ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གྲོལ་བའི་རྗེས་གསར་དུ་བདམས་པའི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་སྟེ། ཧྥུང་ཧྥ་ཀུའེ་དང་། ཧྲི་ཀང་། དབྱང་ཧུང་ཧྲན། ཧོ་པེའོ། ཏེང་ལི་ཅུན། ཝང་ཡུས་ཆུང་། སངས་དགའ། ཆིའུ་ཞའོ་ལིང་། མ་ཁྲང་ཞིན། ཅིན་ཝུའུ། ཡོན་མིང་ཀོང་། སྐལ་བཟང་གཡུང་དྲུང་བཅས་ཀྱི་སྣེ་ཁྲིད་དེ་འཕྲིན་སྦྱོར་གྱི་གསར་འགོད་པ་ལ་ངོ་འཕྲད་གནང་བ་རེད།

   ཆུ་ཚོད16དང་སྐར་མ10ཡི་ཐོག་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་སྐབས་གསར་པའི་ཁུལ་ཨུའི་རྒྱུན་ཨུ་ཚོ་གོམ་སྟབས་བརྟན་པོའི་ངང་ཚོགས་རར་བསྐྱོད་དེ་སྤྲོ་ཉམས་དང་གསར་ཉམས་ཀྱིས་ཡོངས་སུ་ཁེངས་བཞིན་གསར་འགོད་པ་ཚོ་དང་ངོ་འཕྲད་གནང་བ་རེད།

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་སྐབས་གསར་པས་འཕྲིན་སྦྱོར་གསར་འགོད་པ་ལ་ངོ་འཕྲད་གནང་།

   ཧྲེན་དབྱང་གིས་དང་ཐོག་ཁུལ་ཨུའི་རྒྱུན་ཨུ་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཚབ་ཞུས་ནས་གསར་འགྱུར་འཕྲིན་སྦྱོར་གྱི་གྲོགས་པོ་ཚོར་ཉིན་ཤས་བསྟུད་མར་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་དུས་ཐོག་དང་ཁྱོན་ཡོངས་ནས་གནས་ཚུལ་འབོར་ཆེན་སྤེལ་གཏོང་བྱས་པ་དང་། ཚང་མའི་དཀའ་སྤྱད་འབད་བརྩོན་དང་སྤུས་ལེགས་ཀྱི་ལས་དོན་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། སྐབས་གསར་པའི་ཁུལ་ཨུའི་རྒྱུན་ཨུ་རེ་རེ་བཞིན་ངོ་སྤྲོད་ཀྱང་གནང་།

   ཧྲེན་དབྱང་གིས་དེ་རིང་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད། ད་རེས་ཀྱི་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སྲོག་ཤིང་ལ་བརྩི་སྲུང་ཞུ་བའི་ཚོགས་ཆེན་ཞིག་དང་། སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག། སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས།

   ཧྲེན་དབྱང་གིས་ད་གིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཁུལ་ཨུའི་རྒྱུན་ཨུ་སྐབས་གསར་པ་བདམས་ཐོན་བྱུང་བར་མ་ཟད། ང་མུ་མཐུད་དེ་ཁུལ་ཨུའི་ཧྲུའུ་ཅིར་བདམས་པ་རེད། དེ་ནི་ང་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ་ལྕག་སྐུལ་དང་བརྩོན་སྐུལ་བྱས་པ་ཞིག་ཀྱང་རེད། དེ་རིང་ནས་བཟུང་ཁུལ་ཨུ་སྐབས་བཅུ་གཉིས་པས་སྐབས་རིམ་བྱུང་གི་མགོ་ཁྲིད་ཚན་ཁག་གིས་ལས་སྒྲུབ་རྨང་གཞི་ཡག་པོ་བཏིང་བའི་ཐོག་དཀར་མཛེས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་མགོ་ཁྲིད་བྱེད་པའི་འགན་ཆེན་བླངས་ཡོད་ཅེས་གསུངས།

   ཧྲེན་དབྱང་གིས་འགན་འཁྲི་ལྕི་པོ་དེའི་མདུན་དུ་ང་ཚོར་འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་པ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། དེའི་རྗེས་ཀྱི་ཉིན་མོ་རེ་རེར་ང་ཚོས་ཐོག་མའི་བསམ་འདུན་ལས་འགན་བརྟན་སྲུང་དང་། ལྷག་བསམ་ཟོལ་མེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་འཛིན་པ། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུ་དང་། ང་ཚོས་མི་དམངས་གོང་ན་མེད་པའི་དམིགས་ཡུལ་མཐའ་འཁྱོངས་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་བ། མི་དམངས་ཀྱི་བློ་ལ་བབ་པའི་བྱ་བ་ནས་མགོ་ཚུགས་ཏེ་དམ་འཛིན་བྱེད་པ།བརྟན་ལྷིང་དང་། འཕེལ་རྒྱས།སྐྱེ་ཁམས།དམངས་འཚོ་བཅས“དོན་ཆེན་བཞི”གཅིག་གྱུར་དམ་འཛིན་ཡག་པོ་བྱེད་པ། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལས་ཀའི་གྲུབ་འབྲས་ཧུར་ཐག་བསྐྲུན་པ་བཅས་བྱ་རྒྱུ་ཡིན། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་ལས་དོན་ཧུར་ཐག་སྒྲུབ་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ། རྩ་དོན་གྱི་གནད་དོན་ཐད་ཟ་ཟིར་དང་ཕྱིར་བཤོལ་གཏན་ནས་མི་བྱེད་པ་དང་། རང་རྟོགས་ངང་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་གཏོང་བ། འཇོན་ཐང་ཆེན་པོ་གསོ་སྦྱོང་བྱེད་པ། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ་བཅས་བྱས་ནས་ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན། ང་ཚོས་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་དང་། སྤྱོད་གཙང་ལུགས་དྲང་དམ་སྲུང་།ཁྲིམས་སྒྲིག་ལ་གུས་བཀུར་བྱེད་ཅིང་རྔམ་ཟིལ་ཆེ་བའི་འདུ་ཤེས་འཛིན་པ། མཐིལ་ཚད་དམ་དུ་སྲུང་བ།རང་གཅུན་ནན་པོ་བྱེད་ཅིང་།རང་གཤིས་ནན་སྐྱོང་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བཅས་བྱས་ཏེ་སྤྱོད་གཙང་ལུགས་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏང་དགོས་ཞེས་གསུངས་པ་རེད།

   ཧྲེན་དབྱང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བཅས་བྱས་པ་ཡིན་ན། དཀར་མཛེས་ཁུལ་གྱིས་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་དང་དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་བདེ་བླག་ངང་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

   ཧྲེན་དབྱང་གིས་གསར་འགྱུར་འཕྲིན་སྦྱོར་གྱི་གྲོགས་པོ་ཚོས་སྔར་རྒྱུན་བཞིན་དཀར་མཛེས་ཁུལ་ལ་དོ་ཁུར་དང་། དཀར་མཛེས་ཁུལ་ལ་རྒྱབ་སྐྱོར། དཀར་མཛེས་ཁུལ་དྲིལ་བསྒྲགས་བཅས་བྱས་ནས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་དེ་བས་འབད་འཐབ་ཡར་བརྩོན་དང་། དེ་བས་མཐུན་སྒྲིལ་འབྱོར་ཕྱུག།དེ་བས་ཞི་མཐུན་མཛེས་སྡུག་བཅས་ཡིན་པའི་ཁམས་པའི་ས་གཞི་ཆེན་མོ་དང་། གནས་མཆོག་དཀར་མཛེས་ཁུལ་གྱི་གཟུགས་བརྙན་ཞིག་མངོན་པར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་ཨུ་སྐབས་བཅུ་གཅིག་པའི་སྙན་སེང་སྐོར་གྱི་གྲོས་ཆོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10