ཀྲུང་གུང་སི་ཁྲོན་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

        2024-09-25

ཀྲུང་གུང་སི་ཁྲོན་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

ཀྲུང་གུང་སི་ཁྲོན་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས། སྤྱི་ཟླ9པའི་ཚེས20ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཁྲེང་ཏུའུ་རུ་འཚོགས།

ཀྲུང་གུང་སི་ཁྲོན་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

སྤྱི་ཟླ9པའི་ཚེས20ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཁྲེང་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་།

    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

(2024ལོའི་ཟླ་བ9པའི་ཚེས20ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ།)

    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ2024ལོའི་ཟླ་བ9པའི་ཚེས20ཉིན་ལ་ཁྲེང་ཏུའུ་རུ་འཚོགས་པ་རེད།


    ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་ཨུ་ཡོན76དང་རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན17ཞུགས་ཡོད། ཞིང་ཆེན་སྒྲིག་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་དུ་ཞུགས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་དང་། ཆེད་རམས་པ་དང་མཁས་དབང་། འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་ཁག་ཅིག་ཚོགས་འདུར་ཟུར་ཞུགས་གནང་ཡོད།

ཞིང་ཆེན་ཨུ་ལྷན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་།


    ཚང་འཛོམས་གྲོས་ཚོགས་སུ་ཝང་ཞའོ་ཧུའེ་ཡིས་ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་སེང་ལ་ཉན་འཇོག་དང་གྲོས་བསྡུར་བྱེད་ཅིང་།《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་གསར་པ་ཧུར་ཐག་བརྩམ་པའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཨུའི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཝང་ཞའོ་ཧུའེ་ཡིས《གཏན་འབེབས(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།


    ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས། ཚང་མ་ལ་ངོས་འཛིན་བྱུང་དོན། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན། ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་བབ་དང་དཀའ་ངལ་དང་འགྲན་སློང་མང་པོར་འཕྲད་དུས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་དང་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་ལག་ལེན་བསྟར་བར་མ་སྐུལ་དང་བླངས་ཀྱིས་ཞུགས་ཤིང་ཞབས་འདེགས་ཞུས་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་།“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་ཅིང་། ཤུགས་ཡོད་རྒུས་དཔལ་འབྱོར་ཧུར་ཐག་གཉེར་བ་དང་འཛུགས་སྐྲུན་བྱས་ཤིང་། ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་སྤུས་གསར་འཕེལ་རྒྱས་བཏང་བ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་བ། མགྱོགས་ཤིང་བརྟན་པོའི་ངང་བསྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ། དམངས་གཙོ་ཁྲིམས་སྐྱོང་ལ་ཤུགས་ཏན་ཏིག་བརྒྱབ་པ། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་མོ་ཏན་ཏིག་བསྒྲུབས་པ།

དམངས་འཚོ་འགན་ལེན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྒྱུན་སྲིང་ངང་དམ་འཛིན་ཡག་པོ་བྱས་པ། ཉེན་མེད་འཕེལ་རྒྱས་ཀྱི་མཐིལ་ཚད་བརྟན་སྲུང་བྱས་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོག་མཐའ་བར་གསུམ་དུ་བསྐུལ་བར་བརྟེན། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་སི་ཁྲོན་བཅོས་སྐྱོང་དར་སྤེལ་བྱ་གཞག་ཁག་ལ་གོང་འཕེལ་གསར་པ་བྱུང་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་པའི་གོམ་སྟབས་བརྟན་པོ་སྤོས་ཐུབ་ཡོད།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་རྩེ་གཅིག་ཏུ་དམིགས་ནས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བར་འཐབ་ཇུས་ཀྱི་ཇུས་འགོད་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་སུ་གྲོས་འཆམ་བྱུང་བའི《བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསལ་བཤད་དང་གསུང་བཤད་གལ་ཆེན་བཅས་ཀྱིས་རྒྱང་སྐྱོད་ལམ་གསར་དུ་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་བསྒྱུར་བཅོས་ལ་མཐོང་ཆེན་ཆེན་པོ་གནང་ནས་རེ་བ་ཆེན་པོ་བཅོལ་ཡོད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཐོག་ནས་བསྒྱུར་བཅོས་ལས་འགན་གལ་ཆེན་རབ་དང་རིམ་པ་སྤྲད་དེ། སི་ཁྲོན་གྱི་བསྒྱུར་བཅོས་ལ་གཙོ་རྒོལ་ཁ་ཕྱོགས་དང་ཤུགས་རྒྱག་ས་གཙོ་བོ་བསྟན་ཡོད་པ་རེད། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། མ་སྐུལ་དང་བླངས་ཀྱིས་བསྒྱུར་བཅོས་དོན་གཉེར་དང་ཤུགས་བསྒྲིལ་ནས་བསྒྱུར་བཅོས་དམ་དུ་བཟུང་པས། འཕེལ་རྒྱས་ལ་ཡུན་རིང་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་ཁག་གཅིག་ཕན་འབྲས་ཡོད་པའི་སྒོ་ནས་བསལ་ཐུབ་པ་དང་། གསར་གཏོད་རང་བཞིན་དང་ཧེ་བག་ཅན་གྱི་བསྒྱུར་བཅོས་ཁག་གཅིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ངེས་པར་དུ་རང་རྟོགས་ངང་བསྒྱུར་བཅོས་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བ་དེ་རྒྱ་ཇེ་ཆེར་དང་གདིང་ཟབ་སར་བསྐུལ་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་ཞིང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས” ཐུབ་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་གྱིས་སི་ཁྲོན་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བར་སྤྱི་འདོམས་བྱེད་ཅིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་དོན་ཐོག་འཁྱོལ་བར་ཤུགས་ཡོད་རྒུས་བསྐུལ་ནས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཁྲོད་མདུན་གྲལ་དུ་ཧུར་ཐག་བསྐྱོད་དགོས།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སི་ཁྲོན་གྱིས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་སྐོར་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་དང་། སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་བསམ་གཞི་རྒྱུན་འཁྱོངས་ཤིང་། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་རྒྱུན་འཁྱོངས་པ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་བསླང་ཞིང་སྤེལ་དགོས།“རྒྱུན་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་དང་།ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་མཐར་ཕྱིན་དོན་ལ་གནས་པ་སྤེལ་བ་དང“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལ་ལག་ལེན་མཐར་ཕྱིན་བསྟར་བར་དམ་པོར་དམིགས་ནས། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་སྣེ་ཁྲིད་དུ་བྱེད་པ་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་འགོ་འཛུགས་ས་དང་དོན་ལ་བབ་སར་བྱེད་ཅིང་། རྒྱུད་རིམ་འདུས་གྲུབ་ལ་སྔར་བས་སྣང་ཆེན་དང་། གཙོ་གནད་མངོན་གསལ་དོད་པོར་ཡོང་བར་སྔར་བས་སྣང་ཆེན། བསྒྱུར་བཅོས་ཀྱི་ཕན་འབྲས་ལ་སྔར་བས་སྣང་ཆེན་བྱས་ཏེ། སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་གསར་གཏོད་རང་བཞིན་དང་ཧེ་བག་ཅན་གྱི་བསྒྱུར་བཅོས་བྱེད་ཐབས་སྔར་བས་མང་བ་འདོན་པ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བར་ཕན་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དུས་རབས་གསར་པའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་འཕེལ་ཁ་དར་ས་གསར་པ་མགྱོགས་མྱུར་བསྐྲུན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་ཆེད་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་ཆེན་པོ་སྤྲད་དགོས།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སི་ཁྲོན་གྱིས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་བཏོན་པའི་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་དང“དམིགས་པ་བདུན”གྱི་དམིགས་འབེན་ལས་འགན་ལ་དམིགས་ཏེ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ། བདེ་འཇགས། ཏང་ལེགས་སྐྱོང་སོགས་ཁྱབ་ཁོངས་སོ་སོའི་བསྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། ཚོང་གཉེར་བྱེད་པོའི་གསོན་ཤུགས་སློང་བ་དང་། ཚན་རྩལ་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས། དཔལ་འབྱོར་ཁུལ་དང་སྲིད་འཛིན་ཁུལ་འོས་འཚམ་ངང་ལོགས་སུ་དབྱེ་བ། ནུབ་རྒྱུད་དུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། མཉམ་དུ་ཕྱུག་པོར་ཡོང་བར་སྐུལ་སྤེལ། ཨང་ཀི་ཅན་དང་ཆ་འཕྲིན་ཅན་གྱིས་དཔལ་འབྱོར་བཅོས་སྐྱོང་ལ་ནུས་ཤུགས་སྤྲད་པ་སོགས་སྣེ་ཁྲིད་རང་བཞིན་གྱི་བསྒྱུར་བཅོས་ཐད་འགག་སྒྲོལ་གནད་བརྟོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་སྤྲད་པའི་བསྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་དེ་བས་ལེགས་པོར་འཁུར་དགོས། 2029ལོར་བསླེབ་སྐབས། ཆོད་དོན་འདིའི་ནང་དུ་བཏོན་པའི་བསྒྱུར་བཅོས་ཀྱི་ལས་འགན་ལེགས་པར་བསྒྲུབ་དགོས། 2035ལོར་བསླེབ་སྐབས། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་དེ་བས་འཐུས་ཚང་དུ་བཏང་ནས། རྒྱལ་ཡོངས་དང་དུས་མཉམ་དུ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱ་དགོས།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་སྤེལ་དགོས། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་བསྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། རྒྱལ་དབང་ཁེ་ལས་བསྒྱུར་བཅོས་ཟབ་སྤེལ་ལེགས་སྤོར་བྱ་སྤྱོད་ལག་ལེན་མཐར་ཕྱིན་བསྟར་ཏེ། ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་དང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏང་དགོས། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་བསྒྱུར་བ་དང་། མ་གནས་ཚོད་འཛིན་བྱ་རྒྱུ་གཙོ་བོར་བྱས་ཏེ་ཚོང་གཉེར་ཁོར་ཡུག་ཇེ་ཡག་ཏུ་གཏང་དགོས་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཕྱོགས་ཡོངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏང་དགོས། གྲུབ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། གྲུབ་རྐྱེན་གཙོ་བོའི་ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་ཞིང་། གྲུབ་རྐྱེན་གཙོ་བོའི་རིན་གོང་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་ཟབ་སྤེལ་དང་། དངོས་སྣང་ཅན་གྱི་ཟོང་འགྲུལ་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རིམ་པ་བཀར་ནས་བེད་མེད་ཕན་ཆུང་གི་རྒྱུ་ནོར་ཐོན་ཁུངས་གང་འགབ་ཅི་སྤྱོད་ཐུབ་པ་བསྐུལ་དགོས། བཟོ་ལས་ལ་བརྟེན་ནས་ཞིང་ཆེན་དར་རྒྱས་ཡོང་བ་དང་བཟོ་སྐྲུན་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེན་ཡོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ལེགས་པར་བསྒྱུར་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་ཞིང་། ཐོན་ལས་གལ་ཆེན་དར་ཁུལ་འཛུགས་ཤིང་འབྲེལ་ཐག་སྟོབས་ཆེར་གཏོང་བར་སྐུལ་བ། བཟོ་སྐྲུན་ལས་རིགས་རྩེ་གྲ་ཅན་དང་། རིག་ནུས་ཅན། ལྷད་མེད་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་བ། ཁེ་ལས་སྤུས་ལེགས་སྐས་རིམ་ལྟར་སྐྱེད་སྲིང་བྱེད་པར་སྐུལ་བ། དེང་རབས་ཞབས་ཞུའི་ལས་རིགས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་མཉམ་འདྲེས་ཟབ་མོར་ཡོང་བར་བསྐུལ་དགོས། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་འཕེལ་རྒྱས་ཀྱི་ནུས་རིམ་རིགས་དབྱེ་ལེགས་སྤོར་ལ་སྐུལ་བ། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་པར་བསྒྱུར་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་ཐོན་ཁུངས་གྲུབ་རྐྱེན་གྱི་གསོན་ཤུགས་སློང་བ། ཞིང་ལས་དར་བ་དང་། ཞིང་པར་ཕན་པ། ཞིང་པ་ཕྱུག་པའི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་ཁུལ་དང་སྲིད་འཛིན་ཁུལ་འོས་འཚམ་ངང་ལོགས་སུ་དབྱེ་བའི་བསྒྱུར་བཅོས་ཟབ་ཏུ་སྤེལ་བ། དར་རྒྱས་ཞན་པའི་ས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་གསར་དང་གསར་སྤེལ་ཁུལ་ཕྱོགས་བསྡུས་བསྒྱུར་བཅོས་ཟབ་ཏུ་སྤེལ་དགོས། ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནོར་ཁྲལ་དང་དངུལ་རྩའི་སྲིད་ཇུས་མཐུན་སྦྱོར་གཞོགས་འདེགས་ཡོང་བར་ཤུགས་རྒྱག་པ་དང་། ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་ལས་ཆོད་དང་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏང་དགོས། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་ལ་ནན་ཏིག་སྐུལ་བ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་པ། ནུབ་རྒྱུད་དུ་སྒོ་འབྱེད་པའི་བགྲོད་ལམ་སྟེགས་བུའི་མ་ལག་འཛུགས་ཤིང་། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་རྩའི་སྤུས་འབོར་འཕར་བར་སྐུལ་བ། ནུབ་རྒྱུད་དུ་སྒོ་འབྱེད་པའི་འཐབ་ཇུས་ཀྱི་འཕེལ་ཁ་དར་ས་དང་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རྟེན་གཞི་གསར་པ་མགྱོགས་མྱུར་བསྐྲུན་དགོས།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་བསྒྱུར་བཅོས་ལ་བསྐུལ་དགོས། སློབ་གསོ་ཕྱོགས་བསྡུས་བསྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། ས་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། འོས་འགན་སློབ་གསོའི་སློབ་ཁུལ་ལམ་ལུགས་ཀྱི་བཅོས་སྐྱོང་བསྒྱུར་བཅོས་ཟབ་ཏུ་སྤེལ་བ། མཐོ་སློབ་ཀྱི་སློབ་ཚན་ཆེད་ལས་བཀོད་སྒྲིག་ལེགས་སུ་གཏོང་བར་སྐུལ་བ། ལས་རིགས་སློབ་གསོ་དང་དཀྱུས་མ་སློབ་གསོ་གཅིག་འདྲེས་དང་ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་འཛུགས་ཤིང་། ཚན་སློབ་མཉམ་ལས་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏང་དགོས། ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། ཚན་རྩལ་གསར་གཏོད་ཀྱི་རྩ་འཛུགས་ལམ་སྲོལ་གལ་ཆེན་ལེགས་སུ་བསྒྱུར་བ། ཚན་རྩལ་འཆར་གཞིའི་དོ་དམ་ལེགས་སུ་བསྒྱུར་བ། རྩ་འཛུགས་ལྡན་པའི་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གོ་གནས་སྤར་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་བསྒྱུར་བཅོས་ཟབ་ཏུ་སྤེལ་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་ཤེས་ལྡན་མི་སྣར་གདེང་འཇོག་བསྒྱུར་བཅོས་ཕྱོགས་བསྡུས་ཚོད་ལྟ་ཟབ་སྤེལ། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་འདྲེན་འགུགས་དང་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་ཡུལ་སྡེར་བསྐྱོད་པར་བསྔགས་སྐུལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཆབ་སྲིད་དང་། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཁྱབ་ཁོངས་བཅས་ཀྱི་བསྒྱུར་བཅོས་ལ་ཁྱོན་ཡོངས་ནས་བསྐུལ་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་དོན་ལ་འཁྱོལ་བ། གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་དམངས་གཙོ་ལ་ཤུགས་ཆེན་སྐུལ་བ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་སྒྲུབ་སྟངས་འཐུས་ཚང་དུ་གཏང་དགོས། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྱོང་བྱེད་པ་དང་། ས་གནས་ཀྱི་ཁྲིམས་འཛུགས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་བ། གཞི་རིམ་གྱི་ཕྱོགས་བསྡུས་ཁྲིམས་བསྟར་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་བསྟར་ཁྲིམས་འཛིན་དྲང་གཞག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་བསྐུལ་དགོས། རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་ལ་འཁྱོལ་བ། རིག་གནས་མཁོ་སྤྲོད་མ་ལག་སྤུས་ཚད་མཐོན་པོ་འཛུགས་སྐྱོང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་ ལམ་སྲོལ་འཐུས་ཚང་དུ་གཏང་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་བཅོས་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་དང་ཡོང་འབབ་བགོ་བཤའི་ལམ་ལུགས་བསྒྱུར་བཅོས་ཟབ་དུ་སྤེལ་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་ཞིང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། རྒན་རྒོན་དང་བྱིས་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏང་དགོས། སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། འབྱུང་འཕྲོད་ཐཱན་ཉུང་གི་འཕེལ་རྒྱས་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་རྒྱུན་མཐུད་ནས་སྲ་བརྟན་དུ་གཏང་དགོས།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། བདེ་འཇགས་དང་འཕེལ་རྒྱས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་མཐིལ་སའི་ཞབས་ཞུ་འགན་སྲུང་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉེན་གཤིས་དང་ཉེན་མེད་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྒྱལ་ཁབ་ཀྱི་དམའ་རིམ་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་སྲུང་ཐུབ་པའི་འཐབ་ཇུས་རྟེན་གཞི་བསྐྲུན་དགོས། དུས་བདེ་སི་ཁྲོན་འཛུགས་སྐྲུན་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་བདེ་འཇགས་ལས་དོན་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་ཚབས་ཆེན་འགོག་སེལ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་གཏང་དགོས། འཚུབ་བསྟུན་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་སྐུལ་བ་དང་། གཞི་རིམ་གྱི་འཚུབ་བསྟུན་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་གཏོང་ཞིང་། ཉེན་མེད་ཐོན་སྐྱེད་འགན་འཁྲིའི་འབྲེལ་ཐག་ཧྲིལ་པོས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཚུབ་བསྟུན་བརྡ་ལེན་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཟས་རིགས་དང་སྨན་རྫས་ཉེན་མེད་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏང་དགོས།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཏང་གིས་བསྒྱུར་བཅོས་སྔར་བས་ཟབ་ཏུ་སྤེལ་བར་འགོ་ཁྲིད་བྱེད་ཤུགས་ཆེ་ཏུ་གཏང་དགོས། ཏང་ལེགས་སྐྱོང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་སྒྲིལ་བླ་སྐྱོང་བྱེད་པའི་འཆར་གཞི་ལག་ལེན་མཐར་ཕྱིན་བསྟར་ཅིང་། དོན་གཉེར་དངོས་སྒྲུབ་ཀྱིས་དཔའ་བོ་གླེང་བ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པའི་འདེམས་སྤྱོད་ཁྲིད་ཕྱོགས་མངོན་གསལ་དོད་པོར་གཏོང་བ་དང་། ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་མ་ལག་དང་མཇུག་འབྲས་བཀོལ་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཟབ་ཏུ་སྤེལ་བ་དང་། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་ལྡན་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་བསྟར་བའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། རྒྱུན་ལྡན་རང་བཞིན་དང་གཅིག་བསྡུས་རང་བཞིན་ཟུང་དུ་སྦྲེལ་བའི་སྒྲིག་ལམ་སློབ་གསོའི་ལམ་སྲོལ་འཛུགས་པ་དང་། ཚུལ་མིན་གྱི་སྤྱོད་ཡན་དང་རུལ་སུངས་གནད་དོན་མཉམ་དུ་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏང་དགོས། གཟེར་མ་འདེབས་པའི་སྙིང་སྟོབས་ཀྱིས་བསྒྱུར་བཅོས་དོན་ལ་འཁྱོལ་བ་དམ་འཛིན་ཡག་པོ་བྱེད་པ་དང་། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཕྱོགས་ཁག་དང་བརྒྱུད་རིམ་ཡོངས་སུ་ཏང་གི་འགོ་ཁྲིད་ཀྱིས་ཁྱབ་པར་བྱེད་ཅིང་། བསྒྱུར་བཅོས་ལ་སྐུལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བསྒྱུར་བཅོས་ཀྱི་བརྩོན་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་ཐོག་མའི་སྙིང་སྟོབས་ལ་བརྩི་འཇོག་དང་། ཕྱོགས་གང་ཅིའི་ཐད་ཀྱི་བསྒྱུར་བཅོས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱ་དགོས།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་ཡག་པོ་བསྟར་རྒྱུ་ནི་ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་ཨུ་ཏང་ཚན་ཁག་གིས་དྲིལ་བསྒྲགས་དང་སྒྲོག་འགྲེལ། སློབ་གསོ་གསོ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ཏང་མི་ལས་བྱེད་པ་རྒྱ་ཆེན་གྱི་བསམ་བློ་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དུ་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱ་དགོས། ས་གནས་ཁག་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་དུ་སྦྲེལ་ནས་ཇུས་འགོད་བཀོད་སྒྲིག་དང་ལས་ཀའི་ལས་འགན་ཞིབ་ཚགས་སུ་གཏོང་ཞིང་། བསྒྱུར་བཅོས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། “སྒུལ་ནུས་སྤར་བ”་ལ་དམིགས་ནས་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་དམ་དུ་འཛིན་པ་དང་།“གོ་སྐབས་གསར་སྐྱོང”ལ་དམིགས་ནས་སྒྲིག་སྲོལ་དང་ལམ་སྲོལ ཁྱོན་ཡོངས་ནས་གསར་དུ་གཏོད་པའི་བསྒྱུར་བཅོས་དམ་དུ་འཛིན་པ། “གསོན་ཤུགས་སློང་བ”ལ་དམིགས་ནས་སྒོ་འབྱེད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་དམ་དུ་འཛིན་པ།“མཐུན་སྦྱོར་ལ་སྐུལ་སྤེལ”ལ་དམིགས་ནས་གྲོང་ཡུལ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་བསྒྱུར་བཅོས་དམ་དུ་འཛིན་པ།“མཐིལ་ཚད་སྲུང་བ”ལ་དམིགས་ནས་བདེ་འཇགས་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་དམ་དུ་འཛིན་པ།“སྣེ་ཁྲིད་ཤུགས་ཆེ་རུ་གཏོང་བ”ལ་དམིགས་ནས་ཏང་ལེགས་སྐྱོང་ལམ་ལུགས་བསྒྱུར་བཅོས་དམ་དུ་འཛིན་པ་དང་། གཟེར་མ་འདེབས་པའི་སྙིང་སྟོབས་ཀྱིས་བསྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་འཁྱོལ་ནས་ཕན་འབྲས་ཐོན་པར་བྱ་དགོས། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། ངེས་པར་དུ་དུས་ཚོད་དང་ཚད། ཕན་འབྲས་བཅས་སྟངས་འཛིན་ཡག་པོ་བྱེད་ཅིང་། རྒྱང་ལྟའི་བསམ་གཞིག་གིས་བསྒྱུར་བཅོས་ལ་སྦྲེལ་མཐུད་དང་། སྒྲིག་འཛུགས་ཞིབ་ཚགས་ཀྱིས་བསྒྱུར་བཅོས་ལ་སྐུལ་བ། མཉམ་ལས་མཉམ་འགུལ་གྱིས་བསྒྱུར་བཅོས་ལ་འགན་སྲུང་། ཁོག་ཡངས་རྣམ་འགྱུར་གྱིས་བསྒྱུར་བཅོས་ལ་སྐུལ་མ། གྲུབ་འབྲས་དང་ཕན་འབྲས་དངོས་ཀྱིས་བསྒྱུར་བཅོས་ལ་དཔྱད་འཇོག་བཅས་བྱས་ཏེ། ཚན་རིག་རང་བཞིན་དང་སྔོན་དཔག་རང་བཞིན། རང་སྐུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏང་དགོས།


    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་བསྟར་བར་ད་སྔའི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དང་ཟུང་འབྲེལ་བྱ་དགོས། སི་ཁྲོན་ནི་དཔལ་འབྱོར་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཆ་ནས། དཔལ་འབྱོར་འཕར་སྣོན་བརྟན་པོར་བཟོས་པ་དང་ལོ་ཧྲིལ་བོའི་དམིགས་འབེན་མངོན་དུ་འགྱུར་བ་ནི་ངེས་པར་དུ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན། ས་གནས་ཁག་དང་སྡེ་ཁག་སོ་སོས་དཀའ་ངལ་དང་འགྲན་སློང་ལ་གདོང་གཏད་པ་དང་འགན་འཁྲི་འཁུར་ཤུགས་ཇེ་ཆེར་གཏོང་ཞིང་། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་དང་ཡིད་ཆེས་ཀྱི་གཏིང་ཤུགས་ཇེ་ཆེར་གཏོང་བ། ཞིང་ཆེན་ཏང་ཨུས་གཏན་ལ་ཕབ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། ཕྱིན་ཆད་ཀྱི་དུས་རིམ་ལ་མྱུར་ཚད་ཐོན་པ་དང་གྲུབ་འབྲས་གསར་པ་བརྩོན་ལེན་བྱས་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་འགྲུབ་པར་ཤུགས་ཡོད་རྒུས་གདོང་མཆོང་བྱ་དགོས།


    ཚང་འཛོམས་གྲོས་ཚོགས་སུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་བློ་མཐུན་ཀྲེང་པེ་དང་ལི་ཅན་ཆིན་རྣམ་གཉིས་ཀྱིས་ལས་གནས་བརྗེས་པས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་རྩ་དགོངས་ཞུས་པར་ཆོག་མཆན་སྤྲད་པ་རེད།

ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་སྲིད་དོན་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་བྱེད་ཅིང་། བསྒྱུར་བཅོས་སྒུལ་ཤུགས་སུ་བྱས་ནས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་སྔར་ལས་ལྷག་པར་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཧུར་ཐག་བྲི་དགོས་པའི་འབོད་སྐུལ་བྱས་པ་རེད།།





སྐལ་ཐུབ། ལྷ་འཛོམས་དང་། ཀུན་དགའ། སྐལ་རྒྱམ་བཅས་ཀྱིས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ཤེས་ལྡན་པའི་བོད་སྐྱོར་ལས་ཀུན་གྱི་བློ་གྲོས་འཕེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།