མཛེས་མའི་ལུང་པར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས།

2022/4/1 14:34:48 ཡེ་ཤེས་ཀྱིས་བསྒྱུར།


དཔྱིད་ཟླ3པར་ལི་མེ་ཏོག་ཁ་བའི་འདབ་མ་ལྟར་བཞད། འཇམ་རླུང་ས་གཞིར་ལྡང་ཞིང་མི་སེམས་ལ་སྤྲོ་བ་སྦྱིན། མཛེས་མའི་ལུང་པའི་དཔྱིད་ཀ་དེ་མེ་ཏོག་གི་ཞིང་ཁམས་ཁྲོད་ནས་བཞད་འགོ་ཚུགས།

མཐོ་ཞིང་བརྗིད་པའི་ལི་སྡོང་སྐར་ཚོམ་ལྟར་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒྱལ་རོང་བོད་རིགས་མང་ཚོགས་ཀྱི་སྡོད་ཁང་དང་གནའ་བོའི་མཁར་རྫོང་གི་ཉེ་འགྲམ་དུ་སྐྱེས་ཡོད་ཅིང་། མཚན་མོ་ཞིག་ལ་དཀར་གཙང་གི་ལི་མེ་ཏོག་ཡོངས་སུ་བཞད། ལི་མེ་ཏོག་གིས་བོད་ཀྱི་གྲོང་སྡེ་ཡོངས་སུ་བརྒྱན་པའི་ཞིང་རའི་མཛེས་ལྗོངས་ནི་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་འཚོ་བ་ཞིག་རེད།

རོང་བྲག་བོད་གྲོང་གི་ལི་མེ་ཏོག་བཞད་ཡུན་ནི་ཟླ་བ་གཅིག་ཙམ་ཡིན། འདི་ལོའི་མེ་ཏོག་ལ་བལྟ་རྒྱུའི་དུས་ཚོད་ཡག་ཤོས་དེ་ཟླ་བ3པའི་ཟླ་དཀྱིལ་དང་ཟླ་སྨད་ནས་ཟླ་བ4པའི་ཟླ་དཀྱིལ་བར་ཡིན་པ་རེད། དེ་དང་ཆབས་ཅིག་ལི་མེ་ཏོག་བཞད་པའི་དུས་ཚིགས་སུ་ཁམ་བུའི་མེ་ཏོག་དང་། ཀུ་ཤུའི་མེ་ཏོག། ཝུའུ་མེ་མེ་ཏོག་སོགས་ཀྱང་སྔ་རྗེས་སུ་ས་བབ་དམའ་ས་ནས་ས་བབ་མཐོ་སར་བཞད་འགོ་ཚུགས། སྐབས་དེར་མེ་ཏོག་གིས་བརྒྱན་ཡོད་པའི་གནའ་བོའི་མཁར་རྫོང་དང་། བོད་གྲོང་། མཛེས་མའི་ལུང་པ་བཅས་ནི་སྦས་པའི་བསྟི་གནས་ཤིག་དང་ཀུན་ནས་མཚུངས་ཤིང་། ལོ་འཁོར་ཅིག་གི་ནང་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་སུ་གྱུར། རོང་བྲག་ཏུ་ལི་མེ་ཏོག་ལ་ལྟ་བ་དང་ཆབས་ཅིག་ད་དུང་བོད་གྲོང་དང་གནའ་བོའི་མཁར་རྫོང་། གྱ་གྱུ་བོད་གྲོང་། སྤྲོ་སྣང་བོད་གྲོང་། སོག་ཕོ་གནའ་མཁར་བཅས་ལའང་ལྟ་ཆོག་གི་ཡོད།