འབའ་ཐང་ནོར་བུ་ས་ཆའི་ཡུལ་གྲུ་ལ།། ཁམ་བུ་མེ་ཏོག་བཞད་པའི་མཛེས་ཉམས་མངོན།།

2021/4/9 10:02:45 ཡེ་ཤེས་ཀྱིས་འཚོལ་སྡུད་བྱས།


སྤྱི་ཟླ་གསུམ་པ་དང་བཞི་པར་མཐོ་སྒང་ནོར་བུའི་ས་ཆ་འབའ་ཐང་གི་ས་གཞི་ཆེན་མོའི་ཐོག་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་ཤིང་། དཔྱིད་རླུང་དལ་བུ་ལྡང་བ་དང་བསྟུན་ནས་ཁམ་བུ་མེ་ཏོག་བཞད་པ་ནི་དྭངས་གཙང་ཁ་བས་ས་གཞིར་ཁེབས་པའི་རིགས་སུ་མཐུན།

ཁམ་བུའི་ཤིང་སྡོང་གི་སྐྱེད་ཚལ་ཁྲོད་ཁམ་བུའི་མེ་ཏོག་གིས་རྒྱ་མཚོ་འཁྱིལ་བའི་དཔལ་ལ་འགྲན། ཁམ་བུ་སྡོང་པོའི་འོག་མེ་ཏོག་ཆར་བ་འབབ་ནས་མི་རྣམས་ལ་མཛེས་རྩལ་རི་མོའི་ཁྲོད་དུ་འཇུག་པའི་ཚོར་སྣང་སྟེར།

ལོ་ལྟར་སྐབས་འདིར་མེ་ཏོག་གི་ཡལ་ག་དང་བོད་ཁང་དམར་པོ་དང་འབྲེལ་ནས་མཛེས་ལྗོངས་ལྷ་ཡུལ་གྱི་དཔལ་ལ་འགྲན་བཞིན་ཡོད། དེའི་དུས་ན་གཞོན་རྣམས་ཁམ་བུ་ཤིང་སྡོང་འོག་ཏུ་བསྡད་ནས་པི་ཝང་དཀྲོལ་ཞིང་བུ་མོ་རྣམས་ཀྱིས་ཕུ་ཐུང་ཡང་མོ་གཡོ་ནས་འབའ་གཞས་འཁྲབ། གཞས་གདངས་ཀྱི་དབྱངས་རྟ་དང་པི་ཝང་དཀྲོལ་སྟངས། གཞས་ཀྱི་སྟངས་སྟབས་བཅས་ཀྱི་ཐད་ནས་སྐྱིད་པའི་འཚོ་བ་དང་མཛེས་པའི་ལྷ་ཡུལ་ལྟར་ཡིན་པ་མཚོན་ཐུབ།།