འབའ་མདོག་མཚར་ཡུལ་གྲུར་ཁམ་བུ་མེ་ཏོག་གི་དྲི་བསུང་འཐུལ།

2023/3/28 11:05:53 བཀྲ་ཚོགས་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།


    མདོག་མཚར་གྲོང་སྡེ་ནི་འབའ་ཐང་རྫོང་གི་ཤར་རྒྱུད་དུ་གནས་ཡོད། ལུང་པ་འདི་ནི་རྔོན་རྒྱུན་ཆོད་པའི་ཡ་རབས་ལུང་པ་ཞིག་ཡིན་ལ་ཉེས་པ་ཀུན་གྱི་རྩ་བ་ཆང་གི་དྲི་མ་མི་བྲོ་བའི་ས་བབ་དམའ་སའི་རོང་ཡུལ་ཞིག་ཡིན། གནམ་གཤིས་དྲོ་གྲང་སྙོམས་པ་དང་ཆར་ཆུ་འབེལ་བ་དང་། རི་ཀླུང་མཛེས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པས་གནས་མཆོག་ལྷའི་ཞིང་ཁམས་ཞེས་མཚན་སྙན་ཡོད་པ་རེད།

  དཔྱིད་ཀྱི་བུ་མོ་མདོག་མཚར་ཡུལ་ལ་མགྲོན་དུ་ཕེབས་ཚེ། རྩི་ཤིང་གིས་སྔོ་ལྗང་གོས་བཟང་བཀླུབས་པ་དང་། མེ་ཏོག་ཕན་ཚུན་མཛེས་སྡུག་འགྲན་པ་བཞིན་རབ་ཏུ་བཞད་ལ། ཕྱེ་མ་ལེབ་དང་རྐང་དྲུག་བུང་བས་དགའ་བའི་གླུ་ལེན་ཞིང་འཕུར་ལྡིང་གར་ལ་རོལ་བ་སོགས་སྐྱེ་དངོས་ཐམས་ཅད་ལ་ཚེ་སྲོག་གི་བཅུད་གསར་ཞིག་བསྩལ་པ་ནང་བཞིན་གསོན་ཉམས་རྒྱས་འགོ་ཚུགས། མདོག་མཚར་གྱི་དཔྱིད་ཀའི་མཛེས་ལྗོངས་ནི་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པའི་རང་བྱུང་གི་ལེགས་སྐྱེས་ངོ་མཚར་ཅན་ཞིག་ཡིན་ལ། ལྷག་པར་མེ་ཏོག་སྣ་བརྒྱ་བཞད་པའི་གནས་མཆོག་མདོག་མཚར་ནི་དེ་བས་ཀྱང་ཡིད་དབང་འཕྲོག་པ་ཞིག་ཡིན་ནོ།། དཔྱིད་དབྱར་གཉིས་ཀར་མེ་ཏོག་གི་ལྟད་མོ་མིག་ལ་མཛེས་པ་དང་། སྟོན་དགུན་གཉིས་ལ་འབྲས་བུ་ཞིམ་མངར་ལྕེ་ཡི་རོ་མཆོག་ཏུ་བསྟབས་སོ།།