དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལྟ་བུ་མཛེས།

2022/3/11 9:12:13


དཔྱིད་ཀྱི་སྒེག་མོ་འཇམ་རླུང་དྲོ་མོ་དང་འགྲོགས་ཏེ་དལ་ལྷོད་ལྷོད་ཀྱིས་ས་གཞི་མ་མའི་པང་དུ་ཕེབས་ཡོང་། དཔྱིད་ཀྱི་སྒེག་མོ་ལྗང་མྱུག་གི་ལོ་འདབ་དང་འགྲོགས་ནས་ང་ཚོའི་མིག་མདུན་དུ་མངོན་ཡོང་། དཔྱིད་ཀྱི་སྒེག་མོས་བྱ་བྱིའུ་ཡི་སྐད་སྙན་ཁྱེར་ནས་ང་ཚོའི་སྙན་ལམ་གསོས་ཡོང་། དཔྱིད་ཀྱི་སྒེག་མོས་མེ་ཏོག་གི་དྲི་བསུང་བསྣམས་ནས་ང་ཚོའི་དྲི་འཛིན་རྒྱལ་པོའི་སྐྱེས་སུ་འབུལ་ཡོང་། དཔྱིད་ཀྱི་སྒེག་མོས་ལུས་ལ་སྔོ་ལྗང་གོས་བཟང་བཀླུབས་ཏེ་འཇིག་རྟེན་འདིའི་སྣོད་བཅུད་ལ་གསོན་ཤུགས་དང་སྤྲོ་སྣང་དཔག་མེད་སྦྱིན་ཡོང་།

ང་ཚོས་རེ་ཞིང་སྒུག་པའི་དཔྱིད་འཇམ་གྱི་རླུང་བུ་དལ་ཅག་ཅག་ངང་ས་གཞི་འཛིན་མར་ལྡང་ཉིན་ནས་བཟུང་། ས་གཞི་སྟེང་གི་སྐྱེས་དངོས་དང་སྲོག་ཆགས་འབུམ་ཕྲག་ལ་ཚེ་སྲོག་གསར་བ་རྒྱས་ཤིང་། ས་གཞི་འཛིན་མའི་ཁྱོན་ལ་སྔར་དང་མི་མཚུངས་པའི་མཛེས་སྡུག་དང་བདེ་སྐྱིད་ཀྱི་ལྗང་མདོག་གི་འཇིག་རྟེན་གསར་བ་ཞིག་ཏུ་གྱུར།